མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སྐྱིད་གྲོང་འགག་སྒོ་ཟླ་10པར་དངོས་སུ་སྒོ་འབྱེད་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-20 10:40

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་17ཉིན་གསར་འགོད་པས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ནས་ཤེས་རྟོགས་བྱས་པར་གཞིགས་ན།རྫོང་དེར་གནས་པའི་སྐྱིད་གྲོང་འགག་སྒོ་འདི་ལོའི་ཟླ་10པར་དངོས་སུ་སྒོ་འབྱེད་རྒྱུ་ཡིན་ཞིང་།བོད་དུ་དེ་སྔ་སྐམ་ལམ་གྱི་འགག་སྒོ་ཆེ་ཤོས་ཡིན་པའི་སྐྱིད་གྲོང་འགག་སྒོར་དེ་སྔའི་དར་རྒྱས་ཀྱི་རྣམ་པ་སླར་ཡང་མངོན་རེ་ཡོད་པ་རེད།

སྐྱིད་གྲོང་འགག་སྒོ་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2700ཡི་སྐྱིད་གྲོང་ལུང་ཤུར་དུ་གནས་ཤིང་།དེ་སྔ་བོད་དང་ནེ་པ་ལའི་སྐམ་ལམ་གྱི་ཚོང་འགྲུལ་འགག་སྒོ་ཆེ་ཤོས་དེ་ཡིན་པ་དང་།1978ལོར་སྐྱིད་གྲོང་འགག་སྒོ་དེ་རྒྱལ་ཁབ་ཀྱིས་སྐམ་ལམ་ཚོང་འགྲུལ་གྱི་འགག་སྒོ་རིགས་དང་པོར་གཏན་འཁེལ་བྱས་པ་རེད།དུས་རབས་གོང་མའི་ལོ་རབས་80པའི་དུས་དཀྱིལ་དུ་སྐྱིད་གྲོང་འགག་སྒོའི་ཉོ་འཚོང་བྱེད་ཚད་ཉུང་དུ་སོང་བ་དང་ཆབས་ཅིག་སྐྱིད་གྲོང་འགག་སྒོ་རིམ་བཞིན་ཉམས་རྒུད་དུ་ཕྱིན་པ་རེད།1985ལོ་ནས་2006ལོ་བར་སྐྱིད་རོང་འགག་སྒོའི་ཚོང་འགྲུལ་གནས་ཚུལ་ལ་གཞིགས་ནས་སྐྱིད་གྲོང་འགག་སྒོའི་མི་སྣ་གནས་སྐབས་སྐྱིད་གྲོང་འགག་སྒོ་ནས་ཕྱིར་འཐེན་བྱས་པ་རེད།

ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་ཀྱི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་འཐབ་ཇུས་དམིགས་ཚད་གཏན་འཁེལ་བྱས་པ་དང་།བོད་རང་སྐྱོང་ལྗོངས་ཀྱིས“སྐྱིད་གྲོང་འགག་སྒོ་གཙོ་གནད་དུ་འཛུགས་སྐྲུན་བྱེད་པ་དང་།འགྲམ་འགག་སྒོ་བརྟན་པོའི་ངང་རིམ་སྤོར་བྱེད་པ།གྲོ་མོ་འགག་སྒོ་སླར་གསོ་ཧུར་ཐག་བྱེད་པ།སྤུ་ཧྲེང་དང་རི་འོག་འགག་སྒོ་རིམ་བཞིན་འཕེལ་རྒྱས་གཏོང་བ”བཅས་ཀྱི་འགག་སྒོ་འཕེལ་རྒྱས་ཀྱི་སྤྱིའི་བསམ་ཕྱོགས་བཏོན་ནས།སྐྱིད་གྲོང་འགག་སྒོ་སྒོ་མོ་འབྱེད་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།མིག་སྔར་སྐྱིད་གྲོང་འགག་སྒོ་དངོས་སུ་འབྱེད་པའི་མཇུག་བསྡུའི་ལས་དོན་ཁག་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ་དང་།སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་རྗེས་མཐའ་མཚམས་གྲོང་མིའི་དབར་གྱི་ཚོང་ར་དང་འགག་སྒོའི་ཉོ་ཚོང་ལ་སྔར་བས་སྐུལ་འདེད་ཐེབས་རྒྱུ་ཡིན་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག