མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཁྲེན་ཆོན་གོ་དང་བློ་བཟང་རྒྱལ་མཚན་གྱིས་ཡོ་རོབ་ཀྱི་དབུས་ཤར་རྒྱལ་ཁབ་ཀྱི་མཐོ་རིམ་དཔོན་གྱི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-07-19 12:02

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཚེས་14ཉིན་གྱི་ཕྱི་དྲོ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་ཡོ་རོབ་ཀྱི་དབུས་ཤར་རྒྱལ་ཁབ་ཀྱི་མཐོ་རིམ་དཔོན་གྱི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ་རེད།

ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་མི་རིགས་ཁག་གི་མི་དམངས་ཁྲི་300ཡི་ཚབ་ཞུས་ཏེ་ཡོ་རོབ་ཀྱི་དབུས་ཤར་རྒྱལ་ཁབ་ཀྱི་མཐོ་རིམ་དཔོན་གྱི་འཐུས་མི་ཚོགས་པས་བོད་དུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་རེད།ཁྲེན་ཆོན་གོས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་རགས་ཙམ་གནང་བ་དང་།ཁོང་གིས་མིག་སྔའི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་།སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡིན་པ།མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ།སྣོད་བཅུད་ཁོར་ཡུག་ཡག་པོ་རྒྱུན་འཛིན་ཐུབ་པ།ཆོས་དད་རང་མོས་ལ་བརྩི་འཇོག་གང་ལེགས་ཐོབ་པ་བཅས་བྱུང་ཡོད།འཐུས་མི་ཚོགས་པས་བོད་དུ་མང་ཙམ་འགྲོ་བ་དང་མང་ཙམ་བལྟས་ནས་རང་ངོ་མས་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་བོད་ཀྱི་རྣམ་པ་དང་།ཞི་མཐུན་བརྟན་ལྷིང་གི་ཁོར་ཡུགཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རིག་གནས།མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་བཅས་ཉམས་ལེན་བྱས་ཏེ་དངོས་ཡོད་ཀྱི་བོད་ཅིག་རང་སོ་སོའི་ཀྱིས་ཤེས་རྟོགས་བྱས་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་མི་དམངས་ལ་ངོ་སྤྲོད་བྱ་རྒྱུའི་རེ་བ་ཟོལ་མེད་ངང་བཅངས་ཀྱི་ཡོད་ཅེས་གསུངས་པ་རེད།

    ཁྲེན་ཆོན་གོས་ཀྲུང་གོ་དང་ཡོ་རོབ་ཀྱི་དབུས་ཤར་རྒྱལ་ཁབ་དབར་སྲོལ་རྒྱུན་གྱི་མཛའ་མཐུན་ཟབ་མོ་ཡོད་པ་དང་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་རྨང་གཞི་བཟང་བ་དང་།གྲུབ་འབྲས་གཡུར་དུ་ཟ་བ།མི་མངོན་པའི་སྟོབས་ཤུགས་ཆེ་བ་བཅས་ཡོད། ཡོ་རོབ་ཀྱི་དབུས་ཤར་རྒྱལ་ཁབ་ཁག་གིས་སྔ་ཕྱི་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་བ་དང་བློ་བརྟན་འགྱུར་མེད་ངང་བོད་དང་འབྲེལ་བའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བྱས་པས་ང་ཚོས་དེའི་ཐད་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན།བོད་འདི་ཉིད་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་དབུས་ཤར་རྒྱལ་ཁབ་དབར་གྱི་འབྲེལ་བ་ཟམ་མི་ཆད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

    སེའར་ཝེ་ཡའི་ཙུང་ལི་ཕྱི་འབྲེལ་ལས་དོན་གྱི་བློ་འདྲི་བ་ཅེའར་ཅེ·མ་ཐེ་ཁོ་ཝེ་ཆེ་ཡིས་འཐུས་མི་ཚོགས་པའི་ཁོངས་མི་ནི་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་མི་འདྲ་བ་ནས་ཡོང་བ་ཞིག་ཡིན་མོད།འོན་ཀྱང་ཚང་མར་ཐུན་མོང་གི་དམིགས་ཚད་དང་འགན་འཁྲི་གཅིག་ཡོད་པ་སྟེ—ཡོ་རོབ་ཀྱི་དབུས་ཤར་གྱི་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་ཟམ་མི་ཆད་པར་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུ་དེ་རེད་ཅེས་བཤད་པ་དང་།ཁོང་གིས་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་འཐུས་མི་ཚོགས་པའི་ཁོངས་མིས་བོད་ལ་ཤེས་རྟོགས་བྱེད་ཚད་སྔར་བས་གཏིང་ཟབ་ཏུ་སོང་བ་དང་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་བོད་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་ང་ཚོ་ཡིད་སྨོན་སྐྱེས་བྱུང་།ཉིན་ཤས་རིང་གི་ལྟ་སྐོར་དང་འཚམས་འདྲི་བརྒྱུད་བོད་ཀྱི་མི་དམངས་ཀྱི་འཚོ་བ་ཧ་ཅང་བདེ་སྐྱིད་ལྡན་པ་དང་།ཆོས་དད་ཐད་སྲུང་སྐྱོང་གང་ལེགས་ཐུབ་པ།མི་རིགས་ཁག་གི་མི་དམངས་ཞི་མཐུན་མཉམ་གནས་ཡིན་པ།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཐད་གྲུབ་འབྲས་ཡག་པོ་ཐོབ་པ་བཅས་ཟབ་མོ་ཚོར་ནས་འཐུས་མི་ཚོགས་པའི་ཁོངས་མི་མི་རེ་ངོ་རེར་མཛེས་ཤིང་གཏིང་ཟབ་པའི་བག་ཆགས་བཞག་ཡོད་ཅེས་བཤད་པ་རེད།

    བོད་དུ་སྡོད་རིང་ཡོ་རོབ་ཀྱི་དབུས་ཤར་རྒྱལ་ཁབ་ཀྱི་མཐོ་རིམ་དཔོན་གྱི་འཐུས་མི་ཚོགས་པས་སྔ་རྗེས་སུ་ཕོ་བྲང་པོ་ཏ་ལ་དང་།ལྷ་ལྡན་གཙུག་ལག་ཁང་།ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གྱི་གནའ་ཤུལ་བཤམས་སྟོན་ཁང་།སྟོད་ལུང་བདེ་ཆེན་རྫོང་ཡབ་མདའ་ཤང་དེང་རབས་སྒྲིག་བཀོད་ཞིང་ལས་དཔེ་སྟོན་གླིང་།ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་།སྟོད་ལུང་བདེ་ཆེན་རྫོང་སྣེའུ་ཤང་ཞིང་ཁྱིམ་བཅས་སུ་ལྟ་སྐོར་དང་རྟོག་ཞིབ་བྱས་ནས་བོད་ཀྱི་ལོ་རྒྱུས་རིག་གནས་དང་།ཚན་རྩལ་སློབ་གསོ།དཔལ་འབྱོར་འཕེལ་རྒྱས།དམངས་འཚོ་ལེགས་གཏོང་།གྲོང་གསེབ་གསར་པ་འཛུགས་སྐྲུན་སོགས་ཐད་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱས་ཏེ་བོད་ཀྱི་བྱ་གཞག་ཁག་ཐད་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོར་བསྔགས་བརྗོད་དང་ཁས་ལེན་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག