མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཧྲའན་ཤིས་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་བཞུགས་མོལ་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-07-19 12:02

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་7ཚེས་15ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་སར་ཧྲའན་ཤིས་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་བཞུགས་མོལ་གནང་ནས་ཁ་གཏད་བོད་སྐྱོར་གྱི་ཇུས་ཆེན་ལ་ལྷན་དུ་གྲོས་མོལ་གནང་བ་རེད།

    ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲའོ་ཀྲེང་ཡུང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་རྣམ་གཉིས་བཞུགས་མོལ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ལྷག་ཙམ་གྱི་ཚབ་ཞུས་ནས་ཧྲའན་ཤིས་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཏེ་ཧྲའན་ཤིས་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་དང་འཇུངས་པ་མེད་པའི་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་།ཉེ་བའི་ལོ་ཤས་ནང་ཧྲའན་ཤིས་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་དང་འབྱོར་ཕྱུག་གི་ཧྲའན་ཤིས་དང་།ཞི་མཐུན་གྱི་ཧྲའན་ཤིས།མཛེས་སྡུག་གི་ཧྲའན་ཤིས་བཅས་འཛུགས་སྐྲུན་ཐད་མི་རྣམས་ལ་སྐུལ་མ་ཐེབས་འོས་པའི་འགྱུར་ལྡོག་གསར་པ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།

    ཁྲེན་ཆོན་གོས་ཁ་གཏད་བོད་སྐྱོར་གྱི་ལས་དོན་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་གལ་ཆེན་ཞིག་ཡིན།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་ཧྲའན་ཤིས་ཞིང་ཆེན་གྱིས་1995ལོ་ནས་བཟུང་མངའ་རིས་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་ཡོད།ལོ་20ཡི་རིང་སྐབས་རིམ་བྱུང་གི་ཧྲའན་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཆབ་སྲིད་ལ་སྣང་ཆེན་དང་།སྤྱི་ཡོངས་ལ་སྣང་ཆེན།ལེགས་སྐྱེས་ལ་སྣང་ཆེན་བཅས་ཀྱི་ཐོག་ནས་ཁ་གཏད་བོད་སྐྱོར་གྱི་ལས་དོན་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ལ་བརྩིས་པ་དང་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ཡོད།ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་མཐོང་ཆེན་དང་འགོ་ཁྲིད་འོག་ཧྲའན་ཤིས་ཞིང་ཆེན་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མངའ་རིས་ས་ཁུལ་ལ་རོགས་སྐྱོར་བྱ་རྒྱུ་དེ་རང་འཁྲིའི་དོན་དག་ལ་བརྩིས་ནས་ལས་བྱེད་པ་དང་ཤེས་ལྡན་པ་ལེགས་འདེམས་ལེགས་གཏོང་དང་།མ་དངུལ་བཀོད་སྒྲིག་ཐད་སྔོན་ལ་གཏོང་སྤྲོད།རྣམ་གྲངས་འཛུགས་སྐྲུན་ཐད་རྒྱབ་སྐྱོར་ཤུགས་ཆེན་བཅས་བྱས་ནས་བོད་སྐྱོར་ལས་བྱེད་པའི་གཟུགས་བརྙན་བཟང་པོ་བཏོད་དེ་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་།སྤྱི་ཚོགས་ཡར་ཐོན།དམངས་འཚོ་ལེགས་བཅོས།ཞི་མཐུན་བརྟན་ལྷིང་།མི་རིགས་མཐུན་སྒྲིལ་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་གདེང་འཇོག་བཟང་པོ་དང་བསྔགས་བརྗོད་ཆེན་པོ་མགྲིན་གཅིག་ཏུ་ཐོབ་ཡོད་ཅེས་གསུངས་པ་རེད།

    ཀྲའོ་ཀྲེང་ཡུང་གིས་ཉེ་བའི་ལོ་ཤས་ནང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཀྲུང་དབྱང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གསར་གཏོད་རང་བཞིན་ལྡན་པའི་ངང་ལས་དོན་སྤེལ་བ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་རྩ་ཆེའི་ཉམས་མྱོང་བསགས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཆེད་ལེགས་སྐྱེས་ཕུལ་ཡོད།ངས་ཧྲའན་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཚབ་ཞུས་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ལ་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུ་རྒྱུ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་རྒྱ་ཆེའི་བོད་སྐྱོར་ལས་བྱེད་པས་གངས་ལྗོངས་ས་མཐོར་གཞི་ཚུགས་པ་དང་ལེགས་སྐྱེས་འབུལ་ཕོད་པར་དགའ་མགུ་ཡི་རང་ཞུ་རྒྱུ་ཡིན་ཞེས་གསུངས།ཧྲའན་ཤིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་རྗེས་ཀྲའོ་ཀྲེང་ཡུང་གིས་ཀྲུང་དབྱང་གིས་ཧྲའན་ཤིས་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་མངའ་རིས་ས་ཁུལ་གཏན་འཁེལ་བྱས་པ་ནས་བཟུང་།ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་སྔ་རྗེས་སུ་འཚོགས་པའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་རོགས་སྐྲུན་གྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་ལས་ཀའི་བྱ་ཐབས་གསར་གཏོད་ཀྱིས་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་།སྤྱི་ཚོགས་བརྟན་ལྷིང་།མཐའ་སྲུང་སྲ་བརྟན།མི་རིགས་མཐུན་སྒྲིལ།མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོང་རྒྱུར་སྐུལ་མ་ཧུར་ཐག་བཏང་ཡོད་ཅེས་གསུངས་པ་རེད།

    ཀྲའོ་ཀྲེང་ཡུང་གིས་གོམ་སྟབས་རྗེས་མར་ཧྲའན་ཤིས་ཞིང་ཆེན་གྱིས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་མུ་མཐུད་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་བོད་སྐྱོར་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བླང་བྱ་གསར་པ་དང་བཀོད་སྒྲིག་གསར་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ“ལོ་ལྔ་ཚན་བཅུ་གཉིས་པའི”ནང་གཏན་ལ་ཕབ་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་འབད་བརྩོན་ཆེན་པོས་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་ཡིན།དེའང་གཅིག་ནས་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་།མངའ་རིས་ས་ཁུལ་གྱི་དངོས་ཡོད་དང་བསྟུན་ནས་འགྲིམ་འགྲུལ་དང་གློག་ཤུགས་སོགས་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རོགས་རམ་དང་མངའ་རིས་ས་ཁུལ་གྱི་མང་ཚོགས་དེ་བས་མང་བའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱ་རྒྱུ་དང་སྐྲུན་བཞིན་པའི་རྣམ་གྲངས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་མ་དངུལ་བེད་སྤྱོད་ཚད་ལྡན་དང་རྣམ་གྲངས་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཡོང་བའི་འགན་ལེན་བྱ་རྒྱུ་དང་།གཉིས་ནས་ལག་རྩལ་ལས་བྱེད་པ་འདེམས་གཏོང་དང་རིག་སྟོབས་ཀྱི་བོད་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་སྲིད་འཛིན་དོ་དམ་དང་།ཆེད་ལས་ལག་རྩལ།ཐོན་ལས་འཕེལ་རྒྱས་སོགས་ཐད་ཀྱི་གསོ་སྦྱོང་དང་གནས་སྦྱར་གྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་མངའ་རིས་ས་ཁུལ་ལ་སྤྱོད་གོ་ཆོད་པའི་ཤེས་ལྡན་པ་སྔར་བས་མང་བ་གསོ་སྐྱོང་བྱ་རྒྱུ་དང་ཆབས་ཅིག་ཧྲའན་ཤིས་སུ་ཡོད་པའི་མངའ་རིས་ཀྱི་སློབ་ཐོན་སློབ་མ་དང་ལས་མིར་ལས་གནས་དེ་བས་མང་བ་མཁོ་འདོན་བྱ་རྒྱུ།གསུམ་ནས་ཧྲའན་ཤིས་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”བོད་སྐྱོར་འཆར་འགོད་སྔ་སྣུར་དུ་བཟོས་ནས་དུས་འགོའི་གྲ་སྒྲིག་ལས་དོན་དུས་ཐོག་ཏུ་འཆར་འགོད་བྱས་ཏེ་མངའ་རིས་ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་མ་གཏོང་ཆེད་རྨང་གཞི་འདིང་རྒྱུ་ཡིན་ཞེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག