མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རྙིང་པ —ཞོ་ཁ་གཞིས་སྡོད་སྟག་སྣ་བ་ནས་རང་དགར་ཉེས་ཅན་པར་ཆད་པ་བཅད་པའི་སྐོར་བཀའ་ཤག་ལ་ཕུལ་བའི་སྙན་ཞུ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-07-19 11:57

བོད་ལྗོངས་ཡིག་ཚགས་ཁང་གིས་ཉར་ཚགས་བྱས་པའི་བོད་ཡིག་གི་ལོ་རྒྱུས་ཡིག་ཚགས་པར་བཤུས། (བོད་ལྗོངས་ཡིག་ཚགས་ཁང་གིས་མཁོ་འདོན་བྱས)

    དཔལ་ལྡན་ས་སྐྱོང་མི་དབང་ཆོས་རྒྱལ་ཆེན་པོ་སྐྱབས་མཆོག་གི་ཞབས་པད་གསེར་འཁྲི་མངོན་མཐོའི་དྲུང་དུ།

    གུས་འབངས་ཞོ་རྫོངས་སྟག་སྣ་བ་ནས་ཕྱག་བཅས་གསེར་སྙན་རིན་པོ་ཆེ་ཡུད་ཙམ་འབུལ་སྙིང་། ཞོ་ཁ་ཁུལ་རྒྱ་རི་བའི་ཁྲལ་འཛིན་སྤོ་མཁར་བའི་འདོན་གསུམ་གྱི་མི་རྩ་བོགས་སྒྲུབ་ཁྱོ་རྐྱ་ལུག་དང་། ཟ་ཟླ་དམན་སྐལ་བཟང་གཉིས་མེ་བྱི་ཟླ་བ་བཞི་པ་ནང་ཡུལ་དོན་སོང་དབང་ལ་ཆ་བཞག་གི་ཡུལ་གྲུ་ཡས་མས་ལ་ཚན་འཁོད་གྱིས་པར་འདིར་སོང་འདིར་འདུག་གི་རྣ་ཐོས་རྩ་བ་ནས་མ་བྱུང་ཞུ་བར། ཟླ་བ་དགུ་པ་ནང་ཁོ་པ་ཚོའི་ཞིང་འཛུགས་སྐྱ་གདོང་སྤང་ཁའི་གཙང་འགྲམ་ནས་རྐྱ་ལུག་ཟ་ཚང་གི་ལུས་འབྱར་པད་ལྟུང་དགའུ། དམན་སྐལ་བཟང་གི་དུང་འཁོར་ཆག་ལྷེབ་སོགས་ཞུ་བ་ནང་རྫོང་ཁྲིམས་ཁུངས་སུ་ད་ལམ་ཟླ་བ་གཉིས་པ་ཚེས་གཅིག་ཉིན་མིག་སྟོན་ཞུ་སྦྱོར་བྱུང་བ་ལས། ད་བར་དོ་བདག་ནས་མི་རོགས་གཉིས་རྐུན་བསོད་བྱེད་མི་དང་། དངོས་རིགས་ཇི་རིགས་བྱུང་ན་མཉམས་གཏད་ངན་མ་རང་གསང་ཞུ་དགོས་བྱུང་ཞུ་བ་མ་ཟད་ལག་སྨར་འདི་ཡིན་ཁུངས་སྐྱེལ་ཞུ་རྒྱུ་མེད་ལགས་ཡང་། དོན་དུ་རྒྱ་ར་ཇོ་རོང་མ་རྒྱབ་དང་རྒྱ་ར་ཡ་རྒྱབ་གྲོང་དུད་རྣམས་ལས་འགྲོ་ས་མེད་ལགས་ན་གོང་གསོལ་ཁྲལ་དུད་རྣམས་རྫོངས་སུ་འགུགས་རྐྱང་གི་རྩ་ཞིབ་ཐུགས་རྗེ་ཆེ་བ་ནས། དང་ཐོག་ལོན་སྐྱེལ་དུ་མ་བའི་མི་རྩ་ཚེ་བཀྲ་ལ་ཐུགས་པ་ཡིན་ཞུ་གསལ་ཞུ་བ་བཟུར་འབུལ་ཞུས་པར་བརྟེན་ཚེ་དབང་བཀྲ་ཤིས་ཟེར་བ་ཕོ་ཧྲེང་ལ་བརྟན་གུས་པས་ངོ་ཚབ་ཆེད་བཏང་གི་ཁོ་པ་འཛིན་བཟུང་དང་། རྒྱ་ར་གྲོང་དུད་རྣམས་ཁྲིམས་ཁུངས་སུ་དུས་བཅར་དགོས་རྒྱུའི་བཀོད་འདོམས་བྱས་འདུག་པས་ལྡིང་དང་གྲོང་དུད་ཕལ་ཆེར་དེ་ཕྲལ་ཚང་འཛོམས་ཐོག་ས་རྒྱ་བཅུ་ཁྱི་ཕག་ནས་ད་ལྟ་བཅར་རྒྱུ་ཟེར་བས་སྒུག་སྡོད་བྱས་རུང་མ་འབྱོར་བ་བརྟེན། སླར་ཡང་ལྡིང་དང་། གྲོང་མི་གུས་པས་གཡོགས་བཅས་འབོད་པར་ཕྱིན་འདུག་པའི་ཁོ་པ་བཅུ་ཁྱི་ཕག་དང་མག་པ་ལྷ་དབང་། ལྷ་དབང་གི་སྤུན་བུ་དབང་རྒྱལ་བཅས་མི་རོགས་གསུམ་ནས་རང་སྣོང་ངོས་ལེན་གྱི་དེ་ཕྲལ་གྲི་མེ་འཁྱེར་བའི་ཁོ་པ་ཚོའི་ཁང་རྒྱབ་རྒྱབ་རིར་བྲོས་བྱོལ་དུ་སོང་འདུག་པར། གུས་པས་ངོ་ཚབ་ནས་བློས་འགེར་བཟོས་མིན་གྱི་གུས་པ་ངོ་མ་སར་རྒྱ་ར་བའི་ཁྲལ་དུད་བྱིངས་རྣམས་ཁྲིད་གཏེ་འབྱོར་བྱུང་བའི་དེ་ཁྲལ་རྒྱ་ར་དུད་ཚང་ཆེ་ཆུང་རྣམས་ནས་ཞུ་བ་དང་མཐའ་འདོམས་གན་ལེན་བགྱིས་གཏེ་རྒྱ་ར་བྱིངས་ལ་ལེ་ཁྲི་མེད་པ་བརྟེན། སླར་ཡང་གུས་པས་གཡོགས་རིགས། ཞོན་པ་མི་རོགས་ཁ་ཤས་བཅས་འཛིན་བཟུང་བྱེད་པར་ཆེད་རྫོང་གྱིས་པས་ཁྱི་ཕག་ཅན་ལག་ཟིན་བྱུང་མི་འདུག་པས་ཁོ་པས་ཁྱིམ་འཛིན་དམན་པད་མོ་ཟེར་བ་འཛིན་བཟུང་གི་ཁྲིམས་ཁུངས་སུ་འབྱོར་བྱུང་བ་དམན་པད་མོ་ནས་གྲོས་དུར་མི་བསད་བྱས་འདུག་པ་དང་། དེ་སྔོན་གཡོགས་ལག་དལ་སོང་མིན་ཞུ་བ་བཟུར་འབུལ་ཞུས་པ་ལྟར་ཐུགས་ཞིབ་དང་། ལྷག་པར་མི་ངན་བྱེད་པོ་ཁྱི་ཕག་ཅན་ཚན་འཁོད་འཛིན་བཟུང་བྱས་པར་མངའ་ཁུལ་གྱི་ལ་འཕྲང་བཀག་འདོམས་དང་འབྲེལ་བའི་དིང་ཐང་ཡན་དང་གཞིས་རྫོང་མན་དུད་ཚང་ཆེ་ཆུང་རྣམས་འདི་ཟླའི་ཚེས་དྲུག་ངོ་མའི་གདོང་ཆུག་ཁྲིད་གཏེ་རི་དང་ཤིང་སྲོབས་ཁང་ཁྱིམ་སོགས་ཚལ་བར་འགྲོ་སྐབས་ཚེས་ལྔ་ནམ་ཕྱེད་ལ་རྒྱ་གཉེར་ནོར་དོན་ནང་དུ་བུ་དབང་རྒྱལ་ཟེར་བ་འབྱོར་པ་དེ་ཕྲལ་རྩིས་འབུལ་ཐོག་ཁོ་པ་བུ་དབང་རྒྱལ་འདི་པ་ནས་རྐྱ་ལུག་ཟ་ཚང་གཉིས་ཁྱི་ཕག་ཅན་བསད་ལུགས་ཞུ་བ་བཟུར་འབུལ་དང་། དེ་འབྲེལ་རྐྱ་ལུག་འདས་པོ་གཉིས་་ཀྱི་དངོས་རིགས་དིང་ཕོ་རི་བརྩེར་སྦད་རིགས་རྣམས་མངའ་ཁུལ་ཚང་མའི་མིག་མཐོང་གསར་སྟོན་རིགས་དངོས་ཐོ་བཟུར་འབུལ་དང་། དེ་མཚུངས་ཁོ་པ་གཉིས་ཚེས་བརྒྱད་བར་ཚལ་འཁོད་ལག་གསོན་མ་རྙེད་པར་མངའ་ཁུལ་ཡས་མས་ནས་ཁྱི་བཅང་ལག་སྦྲེལ་སྦད་ཁུངས་བྲོས་སྦྱོལ་མི་གཏོང་བ་སོགས་མཐའ་འདོམས་འགན་ལེན་དང་སླར་ཡང་གུས་པས་གཡོགས་རིགས་བཅུ་སྐོར་དོགས་གནད་ཡོད་སར་ཞིབ་ནན་གྱིས་བཙལ་ཀྱང་ལག་གསོན་མ་བྱུང་བར་གནས་མོ་པད་མོར་སླར་ཡང་འདྲི་རྩད་ཀྱིས་ཞུ་བར་བཅུ་ཁྱི་ཕག་གུས་མོ་རང་གི་སྤུན་དང་ལྷ་དབང་གུས་མོའི་ཟ་ཟླར་བུ་འཕྲུག་དང་འབྲེལ་གཤིས། གུས་མོའི་ནང་དུ་འཁོར་ཡོང་ཤག་ལ་གནས་སྐབས་ཞི་དྲགས་རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་དང་། ས་ཞིང་འདེབས་སྐྱོང་སོགས་ལ་གུས་མོ་སློད་གྲོལ་ཡོད་པ་ནས་བྲོས་བྱོལ་དང་ཁྱི་བཅང་ལག་སྦྲེལ་ཁོ་པ་གཉིས་བྲོས་སྦྱོལ་མི་བཏོང་བའི་འདེན་ཁག་རྣམས་ལ་བརྡའ་སྦྱོར་གྱི་ཁྲིམས་ཁུངས་རང་དུ་རྩིས་འབུལ་ཞུ་རྒྱུ་བྱས་པར་འདི་ཟླའི་ཚེས་བཅུ་བདུན་ཉིན་ཁོ་པ་བཅུ་དང་ལྷ་དབང་གཉིས་ནང་དུ་འབྱོར་བྱུང་བ་འདེན་ཁག་འབྲི་སྤང་བླ་གཉེར་ཉི་མ་ནས་བདའ་སྦྱོར་བྱུང་ཕྲལ་འཛིན་བཟུང་རྩ་འཛིན་འཛུགས་སྣོན་གྱི་དངོ་དང་རླུང་རྩིལ་ནང་བཅུག་ཐོགས་བཅུ་དང་། ལྷག་དབང་གཉིས་ནས་སོ་སོའི་མི་བསད་ཡོང་རྐྱེན་བཟུར་བ་ཞུ་འབུལ་ཐུགས་ཞིབ་དང་། གོང་གསོལ་དུ་ཁོང་ཚེ་བཀྲས་ཟེར་བ་མི་བསོད་ལག་སྦྲེལ་མེད་ངེས་སློད་སྒྲོལ་ཞུས་ཟིན་པ་དང་། སྒོས་ཞུ་བའི་སྙིང་པོར་མི་བསད་རྐྱེན་རྩ་དེ་སྔོན་ལས་དྲུང་དགའ་ལྡན་ཤུལ་འཛིན་རྒྱ་ར་བའི་ནང་ནས་བཅུ་ཁྱི་ཕག་དང་། སྤོ་མཁར་འབོགས་སྒྲུབ་གསུང་ཀ་གཉིས་ནས་མེ་འབྲུག་ལོ་རྒྱུ་དངོས་རྐུ་རྒྱག་ཚབ་ཆེ་བྱས་ངེས་ལ་ད་ལམ་དངོས་ཤུག་གིཐོན་པར་རྒྱ་གཉེར་ནོར་དོན་ནས་ཀྱང་རྩད་བཅད་ཡོད་པ་ཞུ་ཡང་། དེ་སྔོན་རྒྱུ་དངོས་རྐུ་ཤོར་འདི་ཐད་ཁྲིམས་བསྟུགས་ལས་རྙོགས་མང་བའི་བླ་དཔོན་བཀའ་སྦྲེལ་མེད་པར་གཞུངས་འབངས་ཆགས་བརྟེན་བྲལ་བའི་རྩ་བཅད་སྒེར་གསལ་མི་ཡོང་བཤད་པ་དབྱིང་བཅད་ལགས་ན། བཅུ་ཁྱི་ཕག་ཟེར་བ་འདི་པའི་རང་སྐྱོན་རྐུ་རྒྱག་བྱས་རྐྱེན་དང་གཡོགས་ཕོ་མོ་དོན་འབུད་བཏང་ཚུལ་པད་མོའི་མི་བསད་ཚུལ་ལ་བརྟེན་ལྐོག་སུབ་མི་བསད་གྲོས་འདོན་གྱི་གཙོ་བོ་སྲིན་བུ་མི་རྫུས་མི་སེར་འགོ་འདོམས་བཅུའི་གོ་གནས་ལ་འདི་པས་རི་རླུང་རྩ་ཚིགས་རིན་པོ་ཆེ་དང་། སྤྱི་ཁྲིམས་གན་རྒྱ་ངོ་ཤུས་བཟུར་འབུལ་སོགས་ལ་བཅུ་ཁྱི་ཕག་ནས་བཀའ་ཁྲིམས་དང་ལས་འབྲས་ཁྱད་བསད་ལ་མིག་སྟོན། ལག་གཅོད། ཆུ་དང་གཡང་དཀྱུར། ཚེ་སྒོ ཚེ་ལྕགས་དབྱིང་བཅད་དང་། རྐྱ་ལུག་ཟ་ཟླ་དམན་བསྐལ་བཟང་ཟེར་བ་ལྷ་དབང་ནས་མི་ངན་ཁ་རྗེས་འབྲེངས་ཏེ་བསད་འདུག་པར་འདི་པ་དངོས་ལྡིང་བཟུར་གྱི་གོ་ཁྲ་མི་མི་གཞུངས་ཚུད་པ་མག་ཚབ་སུ་སྡད་པར་ཕྱིན་ཆད་ཆེས་མཁར་བ་འདོན་2.4.1ཁྲལ་འཛིན་ཁུངས་མེད་རང་ཉོས་བྱ་བ་ལ་ཚེ་སྒོ ཚེ་ལྕགས། ད་ལྟའི་ཁྲལ་ཁུངས་རང་དུ་ཁུང་འཛུགས་ཞུ་བསམ་ལོ་ཟླའི་བཅད་པའི་སྒོ་དང་། རྐང་ལྕགས། སོགས་གང་འགབ་བླ་དཔོན་དབྱིང་བཅད་དང་། མི་ངན་ཁ་རྗེས་སུ་འབྲངས་ཏེ་མཉམས་རོགས་འགྲོ་མི་དངོས་ལྡིང་བུ་དབང་རྒྱལ་འདི་པར་ལོ་ཟླའི་བཅད་པའི་སྒོ་དང་། རྐང་ལྕགས། ལུས་སྟེང་རྩ་ར་སུམ་བརྒྱ། བཞི་བརྒྱ་བརྩལ་ཐོག་དངོས་པ་ཁྲལ་འཛིན་རང་ལ་རྩིས་སྤྲོད་ཞུ་དགོས་དབྱིང་བཅད་དང་། དམན་པད་མོ་ཟེར་བ་འདི་པར་འཚོ་འཛིན་མེད་པས་མི་བསོད་གྲོས་འདོན་ཁ་རྗེས་འབྲེངས་པ་དང་། ཞུ་བ་སྣོན་གྱི་ཁོང་པད་མོའི་གཡོགས་བསད་ཚུལ་ཞུ་སྐོར་གཡོགས་ཕོ་མོ་ཚེ་འཚོའི་བུ་ཚང་ཨ་ལི་ཟེར་བ་ལག་དལ་ནད་གཅོང་འཆི་རྐྱེན་ལ་ཚེ་འཚོའི་ཞུ་བ་བཟུར་འབུལ་ཐུག་ཞིབ་ཐོག་གནས་པད་མོ་ཟེར་བ་ཕྱིན་ཆད་ཆོས་མཁར་ཁྲལ་འཛིན་ཁུངས་འདེད་ལ་ལོ་ཟླའི་བཅད་པས་སྒོ་དང་། རྐང་ལྕགས། ལུས་སྟེང་རྩ་ར་ཉིས་བརྒྱ། གསུམ་བརྒྱ་དབྱིང་བཅད་ཞུ་རྒྱུ་དང་། རྐྱ་ལུག་གི་མི་བདག་སྤོ་མཁར་བར་འདས་པོའི་དངོས་པོ་ཇི་ཡོད་སྤྲོད་ལེན་ཞུས་ཐོག་བསད་པར་དགེ་སྟོང་ཐད་རྐྱ་ལུག་འདས་པོར་ཟ་པ་འབྲིང་གི་ཐ་མར་ཆ་བཞག་གི་སྤྲོད་ལེན་ཞུ་དགོས་འམ། ཟ་པ་ཕོ་ཧྲེང་གི་དགེ་སྟོང་ཆ་བཤད་ཞུ་དགོས་དབྱིང་བཅད་ཞུ་རྒྱུར། ཟ་ཟླ་དམན་བསྐལ་བཟང་སྐྱ་ལུག་འདས་པོ་གཉིས་ཁ་ཐུག་ནས་ལོ་ངོ་བཅུ་དྲུག་ཙམ་སོང་ཞུ་བར་བསྐལ་བཟང་འདས་མོར་བསྐྱེད་ཡུལ་ཕོ་མོ་མི་བདག་འདི་ཡིན་མེད་པ་དང་། དཔུན་མི་སྲིང་སོགས་གང་ཡང་མེད་པར་ཟ་མ་མོ་ཧྲེང་ལ་ཆ་བཤད་ཀྱི་གཞུང་འབངས་འཁྱེར་དམན་རང་ལ་དགོངས་པས་སྤོ་མཁར་བར་དགེ་སྟོང་གསོལ་རས་བརྩལ་བསམ། གཞུང་བཞེས་བཀའ་ཉེས་སྒྲུབ་འབུལ་ཇི་འགབ་བླ་དཔོན་རྣམས་དབྱིང་གི་བཅད་པས་གོང་གསོལ་རྣམས་བཀའ་བཟང་ཕྲལ་སྨིན་ཐུགས་རྗེ་ཆེ་བ་ནས་ཞུས་པ་འདི་སྤོ་ཁོང་ལ་བསོ་རྟག་སྤྲོད་ལ་དགོངས་པས་རྣོ་བཅད་གྲས་གཙང་གི་བཀའ་བཟང་ཕྲལ་བརྩོལ་བརྩེ་བའི་བཟིགས་པ་མཁྱེན་མཁྱེན། ཞེས་གསོལ་བ་འདེབས་པ་ལགས། (དུས་རབས་18པའི་དུས་དཀྱིལ)

    མཆན་འགྲེལ། 1.ཞོ་ཁ་ཞེས་པ་དེང་ཉིང་ཁྲི་ས་ཁུལ་ཞོལ་ཁ་ཤང་ཡིན། 2.ལྡིང་དཔོན་ཞེས་པ་གྲོང་ཚོ་གཅིག་གི་འགོ་གཙོ་ཡིན། 3.བཅུ་དཔོན་ནི་བཅུ་ཁྱི་ཕག་གི་མིང་གི་དང་པོ་བཅུ་ཞེས་པ་བོད་ཡིག་ཏུ“བཅུ་འགོ་དཔོན”གྱི་བསྡུས་མིང་ཡིན་པ་དང“དུད་ཚང་བཅུ” ཡི་འགོ་དཔོན་གྱི་དོན་ཡིན། ཁྱི་ཕག་ནི་མིའི་མིང་ཡིན་པ་དང་དེ་གཉིས་བསྡུས་ཚེ་བཅུ་དཔོན་ཁྱི་ཕག་ཞེས་པའོ། 4.རི་རླུང་རྩ་ཚིག་ཅེས་པ་ནི་བོད་རྙིང་པར་བཀྲམ་པའི་རི་རླུང་རྩ་ཚིག་སྟེ་རང་དགར་རི་ནགས་སུ་བསྐྱོད་པ་དང་ཤིང་གཅོད་རྔོན་རྒྱག་བྱེད་མི་ཆོག་པ་དང་དེ་ལས་འགལ་ཚེ་ཆད་པ་ནན་པོ་གཅོད་པའི་རྩ་ཚིག་གཅིག་ཡིན།

    (ཡིག་ཚགས་མ་ཡིག་ནང་གི་ཡིག་ནོར་དག་སོར་བཞག་བྱས་ཡོད་པས་དགོངས་འཇགས་འཚལ)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག