མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

འཛམ་གླིང་ཐོག་གི་བོད་ཀྱི་རིག་གནས་ཀྱི་མཐོ་ས་བཏོད་པ། —— བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་བསྐྲུན་འགོ་ཚུགས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-07-19 11:57

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ས་ཁྱོན་མུའུ་53བཟུང་བ་དང་སྒོར་དུང་ཕྱུར་2བཏང་བའི་དངོས་ལྗོངས་ཟློས་གར་ཆེ་གྲས《འོན་ཤིང་ཀོང་ཇོའི》ལེ་ལག་ཚང་བའི་ལས་གྲྭ་སྟེ། ཨར་ཁང་ཚོང་ལས་ཁྲོམ་གཞུང་དེ་ཛ་དྲག་ངང་སྐྲུན་བཞིན་ཡོད་པ་དེ་འདི་ལོའི་ལོ་མཇུག་ཏུ་ལས་མཇུག་འགྲིལ་ནས་བེད་སྤྱོད་གཏོང་རྩིས་ཡོད། ཉེ་དུས“གངས་ལྗོངས་གནའ་གྲོང”རྣམ་གྲངས་ལས་འགོ་ཚུགས་པ་དེས་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ལ་གྲོང་མི་དང་ཡུལ་སྐོར་བས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་གཞན་ཡང་གླིང་ནང་གི་ཚོང་འགུག་རྣམ་གྲངས་གལ་ཆེན་གཞན་ཞིག་ཏེ་ཁྱོན་སྒོར་དུང་ཕྱུར་3.8བཏང་བའི་ཀྲུང་གོའི་མཛེས་རྩལ་གསར་རྩོམ་ཞིབ་འཇུག་རྟེན་གཞི་བོད་ཀྱི་རྟེན་གཞིའི་རྣམ་གྲངས་ལ་མིང་རྟགས་བཀོད་པ་རེད།

    གནས་གཏན་འཁེལ་ལ་དམིགས་ཏེ་ཚན་རིག་དང་མཐུན་པའི་འཆར་གཞི་བཏིང་བ།

    འོན་ཤིང་ཀོང་ཇོའི་འཁྲབ་སྟོན་ལྟེ་གནས་ཆེ་གྲས་དེ་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དུ་བསྐྲུན་ཡོད། དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོའི》ཤུགས་རྐྱེན་ཆེ་རུ་ཕྱིན་པ་དང་མདུན་ལམ་དེ་བས་ལེགས་པའི་རྣམ་གྲངས་མང་དག་ཅིག་འདིར་བསྐྲུན་རྒྱུ་ཡིན་པས། བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་གི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་ཕྱི་རོལ་ནས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

    2012ལོའི་ཟླ་བ་གསུམ་པར་འཚོགས་པའི་ལྷ་ས་གྲོང་ཁྱེར་རྒྱུན་ཨུད་ཀྱི་ཚོགས་འདུའི་ཐོག་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་བསྐྲུན་རྒྱུའི་ཐག་བཅད་ནས་གང་དེ“བོད་རིག་གནས་ཀྱི་འཛམ་གླིང་སྤྱི་ཁྱབ་རྟེན་གཞི་དང་། བོད་རིག་གནས་ཡུལ་སྐོར་ཐོན་ཟོག་འདྲེན་གཏོང་བྱ་ཡུལ་ཡག་ཤོས། བོད་རིག་གནས་གསར་གཏོད་ཀྱི་འབྱུང་གནས། སྤྲོ་གསེང་གཏོང་ཡུལ་རྩེར་སོན། གྲོང་མིའི་སྤྲོ་གསེང་གནས་ཡག་ཤོས”བཅས་སུ་བསྒྱུར་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།

    2012ལོའི་ཟླ་བ་དགུ་པར་ལྷ་ས་གྲོང་ཁྱེར་གྱིས་དུས་འགོར་བཏིང་བའི་འཆར་གཞིའི་རྨང་གཞིའི་ཐོག་ཀྲུང་གོ་གྲོང་ཁྱེར་འཆར་འགོད་ཇུས་གཞི་ཞིབ་འཇུག་ཁང་ལ་ཇུས་གཞི་ལེགས་སུ་གཏོང་རྒྱུར་མངགས་པ་དང་གླིང་ནང་གི་རྣམ་གྲངས་འཆར་འགོད་ལ་ས་ཁྱོན་སྤྱི་ལེ་ངོས་གྲུ་8.14བཟུང་བ་དེར་སྒོར་དུང་ཕྱུར་300ལྷག་ཙམ་བཏང་བ་རེད།

    གང་ས་ཅི་ཐད་ནས་རིག་གནས་ཀྱི་ཁྱད་ཆོས་མངོན་པར་བྱས་པ།

    ཀྲུའུ་མེ་ཕིང་གིས་རང་བྱུང་ལ་བརྩི་འཇོག་དང་མི་རྩ་བར་འཛིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་བོད་ལྗོངས་རིག་གནས་ཡུལ་སྐོར་གླིང་དེ་སྣོད་བཅུད་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་བཅས་ཀྱི་རིག་གནས་གསར་གཏོད་གླིང་ཞིག་ཏུ་གཏོད་རྒྱུ་དང་ནུས་ཁུལ་ཆེ་གྲས་དགུ་གཙོ་བོར་གཏོད་རྒྱུ་ཡིན་པ་སྟེ། བསྐྲུན་ཟིན་པའི་དུས་ཐེངས་དང་པོའི་རྣམ་གྲངས“འོན་ཤིང་ཀོང་ཇོའི་འཁྲབ་སྟོན་ལྟེ་གནས་ཆེ་གྲས”དང་། བསྐྲུན་འགོ་ཚུགས་མ་ཐག་པའི“གངས་ལྗོངས་གནའ་གྲོང”གི་Aརིམ་པ་ལྔ་པའི་མཛེས་ལྗོངས་ཁུལ། བསྐྲུན་ཉེར་ཡོད་པའི་དཔེ་སྐྲུན་རིག་གནས་གསར་གཏོད་གླིང་དང་སྒྱུ་རྩལ་མཁས་ཅན་གྱི་གསར་གཏོད་གསར་རྩོམ་རྟེན་གཞི། དེ་བཞིན་ཚོང་འགུགས་མ་འདྲེན་བྱེད་བཞིན་པའི་ས་མཐོའི་གློག་བརྙན་གྲོང་དང་། བོད་སྨན་རིག་གནས་གསར་གཏོད་གླིང་། མངོན་མིན་རིག་གནས་ཤུལ་བཞག་གི་གསར་གཏོད་གླིང་། བོད་བཟོའི་སྤྲོ་གསེང་གླིང་བཅས་ཡིན། ནུས་ཁུལ་ཆེ་གྲས་དགུར་བོད་མི་རིགས་ཀྱི་རིག་གནས་དང་། ཨར་སྐྲུན་གྱི་ཁྱད་ཆོས། བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་སོགས་ཀྱི་ཁྱད་ལྡན་ཐོན་ཁུངས་དང་དམངས་སྲོལ་ཚུད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཀྲུའུ་མེ་ཕིང་གིས་གླིང་དེས་ལོ་གསུམ་ནང་གཞི་ཁྱོན་རགས་ཙམ་ཆགས་པ་དང་ལོ་ལྔའི་ནང་བསྐྲུན་ཚར་བ་བྱས་ནས་གླིང་དེ་ཉིད་ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་བཀྲག་མདངས་འཚེར་ས་གསར་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཤོག་བྱང་གསར་པ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྐར་ཁུང་གསར་པ་བཅས་སུ་འགྱུར་བ་བྱས་ནས་ལྷ་སའི་ཐོན་ལས་གསུམ་པ་རིགས་སྒྱུར་རིམ་སྤོར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

    གྲགས་ཅན་ཁེ་ལས་མང་པོ་མ་རྩ་གཏོང་བར་ཡིད་བཀུག་པ།

    ཀྲུང་གོའི་མཛེས་རྩལ་གསར་རྩོམ་ཞིབ་འཇུག་ལྟེ་གནས་བོད་ཀྱི་རྟེན་གཞིའི་རྣམ་གྲངས་ལ་ཁྱོན་སྒོར་དུང་ཕྱུར་3.8བཏང་བ་དང་བསྐྲུན་ཚར་རྗེས་ནུབ་ཕྱོགས་མཛེས་རྩལ་གསར་རྩོམ་དང་བོད་ཀྱི་མཛེས་རྩལ་རིག་གནས་སྤེལ་རེས་ཀྱི་ལྟེ་གནས་རྩེར་སོན་དང་རྒྱལ་ཁབ་ཕྱི་ནང་གི་མཛེས་རྩལ་ལས་རིགས་ཁྲོད་རིག་གཞུང་སྤེལ་རེས་དང་། མཛེས་རྩལ་གསར་རྩོམ། མཛེས་རྩལ་གསོ་སྦྱོང་སོགས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།

    གླིང་ཁུལ་གྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་ཡིན་པའི་དཔེ་སྐྲུན་རིག་གནས་གསར་གཏོད་གླིང་དང་། ཀྲུང་གོའི་མཛེས་རྩལ་གསར་རྩོམ་ཞིབ་འཇུག་རྟེན་གཞི་བོད་ཀྱི་རྟེན་གཞི། མར་གྱི་མེ་ཏོག་སྒྱུ་རྩལ་ཁང་སོགས་ལ་རྒྱལ་ནང་གི་སྟོབས་ལྡན་ཁེ་ལས་ཁ་ཤས་ཀྱིས་མ་དངུལ་བཏང་སྟེ་ཉེ་དུས་བསྐྲུན་རྒྱུ་ཡིན་ཞིང་། མིག་སྔའི་བར། འབྲེལ་གཏུག་བྱས་ནས་འདོད་བློ་ཡོད་པའི་ཁེ་ལས་ཆེ་གྲས་བཅུ་ལྷག་ཙམ་ཟིན་པ་དང་ཉེ་དུས་ལས་འགོ་ཚུགས་པའི་རྣམ་གྲངས་གསུམ་གཏན་ལ་ཕབ་པ་དེར་ཁྱོན་སྒོར་དུང་ཕྱུར་36བཏང་བ་རེད།

    (ཟླ་བས་བསྒྱུར། ཟླ་བ་དང་མཚམས་གཅོད་ཀྱིས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག