མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཁྲེན་ཆོན་གོས་ཙེང་དབྱིན་ཆོན་བཅས་པ་དང་མཇལ་འཛོམས་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-07-19 11:56

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་7ཚེས་14ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྷ་སར་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དེ་སྔའི་སྲིད་འཛིན་དཔོན་ཙེང་དབྱིན་ཆོན་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་མི་རིགས་ཁག་གི་མི་དམངས་ཁྲི་ཚོ་300ཡི་ཚབ་ཞུས་ནས་ཙེང་དབྱིན་ཆོན་དང་བཅས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་གནང་བ་དང་། ཙེང་དབྱིན་ཆོན་གྱིས་དུས་ཡུན་རིང་པོ་དང་ལྷག་པར་དུ་ཤང་ཀང་གི་དམིགས་བསལ་དཔོན་གྱི་འགན་བཞེས་རིང་བོད་ཀྱི་ལས་དོན་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་རེད། ཁྲེན་ཆོན་གོས་ཤང་ཀང་ནི་རྒྱལ་སྤྱིའི་དངུལ་རྩ་དང་། ཚོང་དོན། མཁའ་འགྲུལ་སྐྱེལ་འདྲེན་ལྟེ་གནས་བཅས་ཡིན་པ་དང་། དེང་རབས་ཞབས་ཞུ་དར་རྒྱས་ཆེ་བས་རྒྱལ་སྤྱིའི་ཆ་འཕྲིན་རྒྱུན་འཁོར་དང་། མ་རྩ་རྒྱུན་འཁོར། ཤེས་ལྡན་པ་རྒྱུན་འཁོར་བཅས་འབོར་ཆེན་འདུས་ནས་ཡུལ་སྐོར་དང་། དངུལ་རྩ། ཟོག་འགྲེམས་ཐོན་ལས་བཅས་འཕེལ་རྒྱས་གཏོང་རྒྱུའི་ཐད་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་། མ་དངུལ་ཧ་ཅང་འབེལ་པོ། ཤེས་ལྡན་པ་ཧ་ཅང་མང་པོ་ཡོད། བོད་ཀྱི་ས་ཁོངས་རྒྱ་ཆེ་བ་དང་། ཡུལ་ལྗོངས་ལྷག་པར་མཛེས་པ། ཐོན་ཁུངས་ཕུན་སུམ་ཚོགས་པ། ཁོར་ཡུག་ལྟ་ན་སྡུག་པ་བཅས་ཡོད་པས་ཤང་ཀང་གི་ལས་རིགས་ཁག་གི་མི་སྣ་བོད་དུ་ཡུལ་སྐོར་ལྟ་སྐོར་དང་། རྣམ་གྲངས་རྟོག་ཞིབ། ཚོང་ལས་ཀྱི་གོ་སྐབས་འཚོལ་བ། མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གཉིས་ཕན་ཐོབ་ཐབས་བཅས་བྱེད་པར་ཕེབས་རྒྱུར་ལྷག་བསམ་ཟོལ་མེད་ངང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཙེང་དབྱིན་ཆོན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་དུས་ཡུན་ལོ་10སོང་རྗེས་སླར་ཡང་གངས་ལྗོངས་ས་མཐོར་ཡོང་བས་ཀྲུང་དབྱང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དང་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོད་པ། དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱུང་བ། མི་དམངས་བདེ་སྡོད་ལས་བརྩོན་ཡོད་པ་བཅས་རང་ཉིད་ངོ་མས་མཐོང་བྱུང་བ་དེ་ཐོག་ནས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་ཡོད་ཅེས་གསུངས་པ་དང་། ཙེང་དབྱིན་ཆོན་གྱིས་འཕེལ་རྒྱས་བརྟན་ལྷིང་དང་བདེན་པ་བདེན་ཐུབ་ཀྱི་བོད་ལྗོངས་ཤང་ཀང་གི་གྲོང་མི་ཚོར་ངོ་སྤྲོད་གང་ཐུབ་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་གིས་བོད་དུ་མ་འཇོག་བྱས་ནས་ལས་རིགས་དར་རྒྱས་གཏོང་བར་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ས་ཁུལ་གཉིས་ཀྱི་གཞོན་ནུ་ལོ་ཆུང་དབར་སྤེལ་རེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། གཉིས་ཁེ་གཉིས་ཕན་ཐོབ་ཐབས་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག