མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཀྲུང་གོ་ཟློས་གར་མཁས་པའི་མཐུན་ཚོགས་ཀྱི་དཔྱིད་འགོའི་མེ་ཏོག་བྱ་དགའི་སྒྱུ་རྩལ་ ཚོགས་པས་ལྷ་སར་འཚམས་འདྲིའི་འཁྲབ་སྟོན་བྱས་པ།

ཁྲེན་ཆོན་གོས་ཀྲུང་གོ་ཟློས་གར་མཐུན་ཚོགས་ཀྱི་དཔྱིད་འགོའི་མེ་ཏོག་བྱ་དགའི་སྒྱུ་རྩལ་ཚོགས་པ་དང་མཇལ་འཛོམས་གནང་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་བ།  2014-07-17 18:37

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་7ཚེས་14ཉིན་གྱི་དགོང་མོ་ཀྲུང་གོ་ཟློས་གར་མཁས་པའི་མཐུན་ཚོགས་ཀྱི་དཔྱིད་འགོའི་མེ་ཏོག་བྱ་དགའི་སྒྱུ་རྩལ་ཚོགས་པས་ལྷ་སར་འཚམས་འདྲིའི་འཁྲབ་སྟོན་བྱས་པ་རེད།རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྲེན་ཆོན་གོ་དང་།ཝུའུ་དབྱིང་ཅེ།ཆེ་དགྲ་ལྷ།ཏུང་ཡུན་ཧུའུ།ཝང་རུའེ་ལེན།རྡོ་རྗེ།ལེ་ཏ་ཁེ།ཅང་ཅེ་བཅས་དང་དེ་བཞིན་ཀྲུང་གོ་ཟློས་གར་མཁས་པའི་མཐུན་ཚོགས་སུ་བཅའ་སྡོད་ཀྲུའུ་ཞི་གཞོན་པ་ཅི་གོ་ཕིང་སོགས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་པ་རེད།དགོང་མོའི་ཆུ་ཚོད་8པ་ཙམ་ལ་བོད་ཀྱི་ལྷ་མོ《བཀྲ་ཤིས་འཇའ་ཚོན》ཞེས་པ་འཁྲབ་ནས་འགོ་ཚུགས་ཤིང་།དེ་རྗེས་ཕེ་ཡན་ལིན་དང་།ཧྲེང་ཐེ་མའེ།ལི་ཧྲུའུ་ཅན།ཕུ་ཚུན་ཤིན་སོགས་དཔྱིད་འགོའི་མེ་ཏོག་བྱ་དགའ་ཆེ་མོ་དང་།དཔྱིད་འགོའི་མེ་ཏོག་བྱ་དགའ་ཐེངས་གཉིས་པ།དཔྱིད་འགོའི་མེ་ཏོག་བྱ་དགའ་བཅས་ཐོབ་མཁན་14ཡིས་རེས་མོས་ཀྱིས་གར་སྟེགས་ཐོག་འཛེགས་ནས་ཧྲན་ཤིས་ཀྱི་དམངས་གཞས《ཧྥེན་ཧོ་ཆུ་བོ་ཤང་ཤང་རྒྱུག》དང་།པེ་ཅིང་གི་ཁྲང་ཞི་མཉམ་གཏོང་།གར་གླུ《བཀྲ་ཤིས་པའི་ལོ་གསར》སོགས་སྔ་རྗེས་སུ་འཁྲབ་སྟོན་བྱས་པ་རེད།

    དགོང་མོའི་ཆུ་ཚོད་9དང་སྐར་མ་40ཙམ་ལ་བོད་ཀྱི་ལྷ་མོ《བསྐལ་པ་བཟང་པོར་བསྟོད》ཅེས་པ་འཁྲབ་ནས་མཇུག་འགྲིལ་ཞིང་།མདོར་ན།འཁྲབ་ཚན་ཧྲིལ་པོ་གཅིག་ལས་གཅིག་ངོ་མཚར་ཆེ་ཞིང་།ལྟད་མོ་བ་མང་པོར་རིག་རྩལ་གྱི་སྟོན་མོ་རྒྱས་པོ་ཞིག་བཤམས་སྟབས་ཚང་མའི་བསྔགས་བརྗོད་ཀྱི་ཐལ་མོའི་སྒྲ་ཡང་ཡང་གྲགས།ཤེས་རྟོགས་བྱུང་བར་གཞིགས་ན།1983ལོར་བཙུགས་པའི་ཀྲུང་གོའི་ཟློས་གར་གྱི་དཔྱིད་འགོའི་མེ་ཏོག་གི་བྱ་དགས“དཔྱིད་འགོའི་མེ་ཏོག་ཤར་བ།དཀའ་བ་སྤྱད་པའི་འབྲས་བུའི”དོན་བསྟན་པས་ཀྲུང་གོས་ཕུལ་དུ་བྱུང་བའི་ཟློས་གར་འཁྲབ་སྟོན་པར་གཟེངས་རྟགས་དང་བྱ་དགའ་སྤྲོད་པ་དང་ཟློས་གར་བྱ་གཞག་དར་རྒྱས་དང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་རྩ་དོན་དུ་འཛིན་པའི་སྒྱུ་རྩལ་གྱི་བྱ་དགའ་ཆེ་མོ་ཞིག་ཡིན།2005ལོར་ཀྲུང་གོ་ཟློས་གར་མཁས་པའི་མཐུན་ཚོགས་ཀྱིས་བཙུགས་པའི་དཔྱིད་འགོའི་མེ་ཏོག་བྱ་དགའི་སྒྱུ་རྩལ་ཚོགས་པས་མི་རིགས་ཀྱི་རིག་གནས་དར་སྤེལ་དང་།མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་རྩ་དོན་དུ་བཟུང་ནས་ཡན་ལག་ཚོགས་ཆུང་ཁག་བགོས་ཀྱིས“ཁྲང་ཞི་གཞི་རིམ་དུ་འཁྲབ་པ”དང“དགའ་སྤྲོ་གཞི་རིམ་དུ་སྐྱེལ་བའི”སྤྱི་ཕན་གྱི་འཁྲབ་སྟོན་བྱེད་སྒོ་སྤེལ་གྱི་ཡོད།ད་རེས་ཀྲུང་གོའི་ཟློས་གར་མཁས་པའི་མཐུན་ཚོགས་ཀྱི་དཔྱིད་འགོའི་མེ་ཏོག་བྱ་དགའི་སྒྱུ་རྩལ་ཚོགས་པས་ཉིང་ཁྲི་སོགས་ས་ཁུལ་ལའང་འཚམས་འདྲིའི་འཁྲབ་སྟོན་བྱས་པ་རེད།

    ཟླ་7ཚེས་13ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྷ་སར་ཀྲུང་གོ་ཟློས་གར་མཐུན་ཚོགས་ཀྱི་གཙོ་ཞུགས་ཀྲུའུ་ཞི་གཞོན་པ་ཅི་གོ་ཕིང་གིས་སྣེ་ཁྲིད་པའི་ཀྲུང་གོ་ཟློས་གར་མཐུན་ཚོགས་ཀྱི་དཔྱིད་འགོའི་མེ་ཏོག་བྱ་དགའི་སྒྱུ་རྩལ་ཚོགས་པ་དང་བཅས་པར་མཇལ་འཕྲད་གནང་བ་རེད།ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ཡི་ཚབ་ཞུས་ནས་ཀྲུང་གོའི་ཟློས་གར་མཐུན་ཚོགས་ཀྱི་དཔྱིད་མགོའི་མེ་ཏོག་བྱ་དགའི་སྒྱུ་རྩལ་ཚོགས་པ་བོད་དུ་འཚམས་འདྲིའི་འཁྲབ་སྟོན་དང་རྟོག་ཞིབ་འཚོལ་བསྡུ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་སྒྱུ་རྩལ་མཁས་ཅན་ཚོའི་སྒྱུ་རྩལ་གྱི་གྲུབ་འབྲས་དང་ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་གཏོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་གུས་བཀུར་ཡང་ཞུས་པ་རེད།

    ཁྲེན་ཆོན་གོས་བོད་ཀྱི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆའི་ཆ་ཤས་གལ་ཆེན་ཡིན་པས་ཁྱད་འཕགས་ཀྱི་ཉམས་འགྱུར་དང་ཡུན་རིང་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལྡན་ཡོད།སྒྱུ་རྩལ་མཁས་ཅན་ཚོས་བོད་ཀྱི་ས་གནས་ཁག་ཏུ་མང་ཙམ་བསྐྱོད་པ་དང་མང་ཙམ་གཟིགས་ནས་བརྗིད་ཉམས་ལྡན་ཞིང་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ལ་ལྟ་བ་དང་།མི་རིགས་ཀྱི་རིག་གནས་མྱོང་རོལ་བྱེད་པ།རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བོད་ཀྱི་རིག་གནས་བྱ་གཞག་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་ཧུར་ཐག་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཅི་གོ་ཕིང་གིས་སྒྱུ་རྩལ་ཚོགས་པ་བོད་དུ་སླེབས་པའི་ཉིན་ཤས་རིང་བོད་ཀྱི་མཛེས་ལྗོངས་བརྗིད་ཉམས་ལྡན་ཞིང་ཡིད་དབང་འཕྲོག་པ་དང་།ས་མཐོའི་མི་དམངས་སེམས་རྩ་འཁོལ་བ།སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡིན་པ།མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ཡིན་པ་བཅས་ཚོར་བྱུང་།སྒྱུ་རྩལ་ཚོགས་པས་ཐོབ་པར་དཀའ་བའི་གོ་སྐབས་དེ་ངེས་པར་དུ་གཅེས་འཛིན་དང་རིག་གནས་དམངས་ཕན་གྱི་བྱེད་ཕྱོགས་ལག་ལེན་ནན་པོ་བསྟར་ཏེ་འཚམས་འདྲིའི་འཁྲབ་སྟོན་ཡག་པོ་བྱེད་པ་དང་།ལས་རིགས་ཁག་གི་མང་ཚོགས་དང་འབྲེལ་བ་རྒྱ་ཁྱབ་བྱེད་པ།རིག་རྩལ་རྩོམ་གཞི་འཚོལ་བསྡུ་ཧུར་ཐག་བཅས་བྱེད་ཀྱི་ཡིན།སླད་ཕྱིན་བོད་ཀྱི་ཟློས་གར་ལས་རིགས་དབར་དང་སྤེལ་རེས་དང་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་བོད་ཀྱི་རིག་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་དྲིལ་བསྒྲགས་ཧུར་ཐག་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག