མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱིས་ཁོར་ཡུག་གཙང་ཤོས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་ གསར་པ་བཏོད་པ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-07-17 18:37

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མི་རབས་ནས་མི་རབས་བར་ས་ཞིང་བཏབ་ནས་འཚོ་ཐབས་བྱེད་པའི་བོད་ལྗོངས་ཆུ་ཤུར་རྫོང་གི་ཞིང་པ་དབྱངས་སྐྱིད་ཀྱིས་འདི་ལོ་ནས་བཟུང་ས་ཞིང་མ་བཏབ་པར་རང་ཁྱིམ་གྱི་མུའུ་6ཡོད་པའི་ས་ཞིང་ཚང་མ་ས་གནས་དེ་གའི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་འདེབས་འཛུགས་རྟེན་གཞིའི་དཔེ་སྟོན་རྣམ་གྲངས་ལ་བོགས་མར་བཏང་བ་དང་རང་ཉིད་རྟེན་གཞིར་ལས་ཀ་བྱས་ནས་ཡོང་འབབ་གསོག་གི་ཡོད་པ་རེད།

    དབྱངས་སྐྱིད་ཀྱིས་ལོ་རེར་ས་ཞིང་མུའུ་རེ་ནས་བོགས་དངུལ་དང་གཟན་ཆག་གི་ཁ་གསབ་སྒོར་1400ལེན་པ་དང་དུས་མཚུངས་རྟེན་གཞིར་ལས་ཀ་བྱས་པ་ནས་ཉིན་གླ་སྒོར་100ཡོང་གི་ཡོད།ཁོང་གི་བཟའ་ཟླ་དང་བུ་གཅིག་ལྷ་སར་གླ་པ་བྱེད་པར་འགྲོ་གི་ཡོད་པ་དང་།བུ་གཉིས་སློབ་གྲྭ་འགྲིམ་བཞིན་ཡོད་རུང་ཁྱིམ་གྱི་དཔལ་འབྱོར་གནས་ཚུལ་དེ་སྔ་ལས་ཡག་པ་ཡོད་པ་རེད།

    བོད་དུ་དེང་སྐབས་ཀྲུང་གོར་ཧ་ཅང་དཀོན་པའི་རང་བྱུང་ཁོར་ཡུག་གཙང་མ་ཡོད་པས་དམིགས་བསལ་ལེགས་ཆ་དེར་བརྟེན་ནས་འཕེལ་རྒྱས་བཏང་བའི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་འདེབས་འཛུགས་ལས་རིགས་དང་འབྲོག་ལས་སོགས་ཐོན་ལས་ལ་བོད་ཀྱིས་ས་གཙང་ལྷད་མེད་ཐོན་ལས་ཞེས་བརྗོད་ཀྱི་ཡོད།

    ཆུ་ཤུར་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་ས་གཙང་ལྷད་མེད་ཐོན་ལས་ཀྱི་ཚོད་ལྟའི་དཔེ་སྟོན་རྟེན་གཞི་ཡིན་ཞིང་།ཁམ་བུ་དང་།སྐྱེ་ལྡན་རྡོ་ཐ།མེ་ཏོག་ཡུས་ཅིན་ཞང་།ཕི་རུ།ཁ་ཆེ་ཤ་སྐམ་སོགས་སྣེ་ཁ་20ཙམ་བཏབ་ཡོད་པ་དེའི་འདེབས་ཁྱོན་2012ལོའི་མུའུ་130ནས་མིག་སྔའི་མུའུ་500བར་ཆེ་རུ་ཕྱིན་ཡོད།

    ཆུ་ཤུར་རྫོང་དྲིལ་བསྒྲགས་པུའི་པུའུ་ཀྲང་འཕྲིན་ལས་ནོར་བུས།ཚོད་ལྟའི་རྟེན་གཞི་ཁྱབ་གདལ་གཏོང་བའི་ལས་དོན་ཡང་སྤེལ་ཟིན་པ་དང་།འདི་ལོ་རྫོང་ཡོངས་སུ་ཕི་རུ་མུའུ་4000ཙམ་བཏབ་པ་དང་ན་ནིང་མུའུ་100ལྷག་ཙམ་ལས་བཏབ་མེད།“དེ་ཡང་དཔལ་འབྱོར་གྱི་ཟུར་བསྣན་རིན་ཐང་སྒྱུར་བའི་ནུས་ལྡན་གྱི་བྱེད་སྟངས་ཤིག་རེད།མི་སེར་གྱིས་ནས་མུའུ་གཅིག་བཏབ་པ་ལས་ཡོང་འབབ་མཐོ་བ་ཡོད”ཅེས་བརྗོད་ཀྱི་འདུག

    ན་ནིང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ས་མཐོའི་སྐྱེ་ལྡན་ཞིང་འབྲོག་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུ་རྨང་གཞིར་བྱེད་པ་དང་།སྔོན་ཐོན་ལག་རྩལ་ལེགས་སུ་གཏོང་བ་དང་སྲོལ་རྒྱུན་ཐོན་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་ས་མཐོའི་སྐྱེ་ལྡན་གནོད་མེད་བཟའ་བཅའ་དང་།ས་མཐོའི་སྐྱེ་ལྡན་ཚེ་སྲོག་ཐོན་རྫས།ས་མཐོའི་འཕྲོད་སྦྱོར་སྨན་རྫས།སྤྲོ་གསེང་ཡུལ་སྐོར་ཐོན་ལས་སོགས་གཙོ་གནད་དུ་གསར་སྤེལ་བྱེད་པའི་ཐོན་ལས་དང་པོ་དང་།གཉིས་པ།གསུམ་པ་བཅས་འདུས་པའི“ས་གཙང་ལྷད་མེད་ཐོན་ལས”འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་བཏོན་ཡོད།

    2013ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འགྲེམས་སྤེལ་བྱས་པའི《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་ནི་དེང་སྐབས་འཛམ་གླིང་ཐོག་ཁོར་ཡུག་གཙང་ཤོས་ཀྱི་ས་ཁོངས་ཀྱི་གྲས་ཤིག་ཡིན་པ་དང་།རླུང་ཁམས་ཆེན་པོའི་ཁོར་ཡུག་གཙང་ལ་སྦགས་བཙོག་དངོས་པོ་ཁག་གི་འདུས་ཚད་བྱང་སྣེའི་ཁུལ་དང་ཧ་ལམ་འདྲ་པོ་ཡོད་ཅེས་འཁོད་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག