ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལྟ་ནི་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་ཆེས་མང་བའི་དུས་ཚིགས་ཡིན་ཞིང་། ངོ་མཚར་རབ་ཏུ་ལྡན་པའི་གངས་ལྗོངས་ལས་མི་རྣམས་ཀྱིས་ཡིད་སེམས་དབང་མེད་དུ་འཕྲོག་སྟེ། བོད་ལྗོངས་སུ་ཕེབས་པའི་གནས་སྐོར་བའི་མི་གྲངས་ལ་འཕར་སྣོན་ཆེན་པོ་བྱུང་། བསྡོམས་རྩིས་ལྟར་ན། ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི411སྣེ་ལེན་བྱས་ཤིང་། གནས་སྐོར་སྤྱིའི་ཡོང་སྒོ་མི་དམངས་ཤོག་སྒོར་དུང་ཕྱུར40.77མངོན་འགྱུར་བྱས།
བོད་ལྗོངས་གནས་སྐོར་ཅུའུ་ཡིས་ཆེས་གསར་དུ་བསྡོམས་རྩིས་བྱས་པའི་གཞི་གྲངས་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ6པའི་བར། བོད་ལྗོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི411ལྷག་སྣེ་ལེན་བྱས་ཤིང་། དུས་མཉམ་ལས19.8%འཕར་ཏེ། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར40.77མངོན་འགྱུར་བྱས་པ་དང་། དུས་མཉམ་ལས29.3%འཕར། དེའི་ནང་རྒྱལ་ནང་གི་གནས་སྐོར་བ་མི་ཐེངས་ཁྲི407.78སྣེ་ལེན་བྱས་ཤིང་། དུས་མཉམ་ལས19.9%བཅས་འཕར་ཡོད་པ་རེད། །