མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལག་གདང་སྦྲེལ་ནས་གསར་གཏོད་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་ལེའུ་གསར་པ་ བརྩམས་པ།

ཁ་གཏད་བོད་སྐྱོར་བྱས་ནས་ལོ་20འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་སྒྲིལ་གླེང་དྲུག་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-07-13 11:36

    མི་རིགས་ཀྱི་རིག་གནས་ཤུལ་བཞག་གསར་སྤེལ་དང་སྲུང་སྐྱོང་བྱེད་པ།

    2007ལོར་བཟོ་ལས་དང་ཆ་འཕྲིན་ཅན་པུས་ལག་ལེན་བསྟར་བའི་བོད་ཡིག་གི་མཉེན་ཆས་གསར་སྤེལ་དང་ཁྱབ་སྤེལ་བཀོལ་སྤྱོད་ལས་དོན་ལ་གཞོགས་འདེགས་ཡག་པོ་བྱ་ཕྱིར་ཧྲང་ཧའེ་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ལྷན་གྱིས་རྣམ་གྲངས་ཀྱི་ཆ་སྒྲིག་ལེ་ལག་རྒྱབ་སྐྱོར་ལམ་སྲོལ་སྣེ་ཁྲིད་ངང་བཟོས་ནས་བོད་ཡིག་མཉེན་ཆས་ཁྱབ་སྤེལ་བཀོལ་སྤྱོད་བྱེད་སྟངས་ཐད་ཞིབ་འཇུག་གཏིང་ཟབ་བྱས་པ་རེད།2008ལོའི་ཟླ་དང་པོར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གིས་མཉམ་འབྲེལ་ཐོག་བོད་ལ་ཀྲུང་པེའོ་ཧྥུའུ་ཧྭ་བོད་ཡིག་གཞུང་ལས་མཉེན་ཆས་ཆ་ཚང་ཁྲི་3.2ཞལ་འདེབས་སུ་ཕུལ་བས་བོད་དང་ཧྲང་ཧའེ་ཡི་ཆ་འཕྲིན་ཅན་གྱི་མཉམ་ལས་སྔར་བས་ཟབ་ཏུ་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད།དེ་རྗེས་རང་སྐྱོང་ལྗོངས་བོད་ཀྱི་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་དོན་ཁང་དང་ཧྲང་ཧའེ་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ལྷན་གྱིས་ཀྲུང་པེའོ་མཉེན་ཆས་དང་མཉམ་ལས་གཏིང་ཟབ་བྱས་ནས་དུས་ཡུན་ལོ་གཉིས་འགོར་བའི་བོད་ཡོངས་ལ་ཁྱབ་པའི་གཞི་ཁྱོན་ཆེ་བའི་བོད་ཡིག་གཞུང་དོན་མཉེན་ཆས་བཀོལ་སྤྱོད་གསོ་སྦྱོང་བྱེད་འགོ་ཚུགས་པས་རང་རྒྱལ་གྱི་བོད་རིགས་རིག་གནས་ས་ཁོངས་ཀྱི་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།

    “ལོ་20ཡི་རིང་བོད་སྐྱོར་ལས་དོན་དེ་མ་དངུལ་དང་རྣམ་གྲངས་ཐད་རོགས་སྐྱོར་བྱས་ནས་མི་སེར་རྣམས་སྡོད་ཁང་ཡག་པོའི་ནང་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པ་བྱེད་པ་མ་ཟད།རྣམ་གྲངས་འཛུགས་སྐྲུན་བྱེད་པ་དང་དུས་མཚུངས་རང་འགུལ་ངང་བོད་ལ་གཞི་ཚུགས་ཏེ་བོད་ཀྱི་རིག་གནས་སྔོག་འདོན་དང་སྲུང་སྐྱོང་བྱེད་དགོས”ཞེས་ཕུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་ལྔ་པའི་རུ་དཔོན་ཁྲེན་ཆིའུ་ཞུང་གིས་བཤད་པ་དང་ཁོང་གིས་བོད་སྐྱོར་ལས་དོན་དེ་དངོས་པོ་ཁོ་ན་ནས་རོགས་སྐྱོར་བྱས་ན་མི་འགྲིག་པར་མི་རིགས་རིག་གནས་སྲུང་སྐྱོབ་བྱ་རྒྱུ་མི་བརྗེད་པ་བྱེད་དགོས་ཞེས་བཤད་པ་རེད།

    ས་གནས་དེའི་མི་རིགས་ཀྱི་རིག་གནས་ཤུལ་བཞག་གསར་སྤེལ་དང་སྲུང་སྐྱོབ་གཏིང་ཟབ་བྱས་པ་དེ་ཐོག་ནས་ང་ཚོའི་ཡང་དག་པའི་བོད་སྐྱོར་རྣམ་འགྱུར་དེ་མཚོན་པ་མ་ཟད།རིན་ཐང་གཏིང་ཟབ་ལྡན་པ་ཞིག་ཡིན་ལ་མཚོ་རྒྱུད་དང་ནང་སའི་བོད་སྐྱོར་ལས་བྱེད་པས་བོད་དུ་བསྒྲུབ་དགོས་ངེས་ཀྱི་བྱ་བ་ཞིག་ཀྱང་ཡིན།“ལོ་རྒྱུས་ཀྱི་ཉིང་ཁྲི་དང་།རིག་གནས་ཀྱི་ཉིང་ཁྲི།མི་རིགས་ཀྱི་ཉིང་ཁྲི།ཆོས་ལུགས་ཀྱི་ཉིང་ཁྲི།རང་བྱུང་གི་ཉིང་ཁྲི”བཅས་གསལ་པོར་མངོན་པ་དེའི་ལྟེ་བའི་རིན་ཐང་ནི་མི་རིགས་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བཏང་ནས་རྩོད་ཐབས་བྲལ་བའི་དོན་དངོས་ཀྱི་ཐོག་ནས་‘བོད་ཀྱི་རིག་གནས་རྨེག་མེད་བཏང་ཡོད’ཅེས་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་གཏམ་འཆལ་ལ་རྒོལ་ལན་སློག་ཡོད་ཅེས་ཁྲེན་ཆིའུ་ཞུང་གིས་དེ་ལྟར་བཤད།

    བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་ཆེ་ཤོས་ཡིན་པའི་བོད་ལྗོངས་སློབ་ཆེན་དུ་ལྗོངས་ཡོངས་ཀྱི་རྩེར་སོན་ཚན་ཞིབ་སྟོབས་ཤུགས་གཅིག་ཏུ་བསྡུས་ཡོད་པ་མ་ཟད།རྒྱལ་ཡོངས་ས་གནས་ཁག་གི་ལག་རྩལ་གྱི་རྒྱབ་སྐྱོར་ཡང་ཐོབ་ཡོད།ལོ་མང་རིང་བོད་སྐྱོར་དགེ་རྒན་དང་བོད་སྐྱོར་ལས་བྱེད་པ་ཚོས་རྣམ་གྲངས་ལ་སྣེ་ཁྲིད་བྱེད་པའམ་ཡང་ན་ས་གནས་དེའི་མཁས་དབང་དང་སྒྱུ་རྩལ་པ་དང་མཉམ་ལས་བྱས་ནས་ནང་སའི་སྔོན་ཐོན་གྱི་ཚན་རིག་ལག་རྩལ་བོད་ཀྱི་སྤྱི་ཚོགས་ཁྱབ་ཁོངས་ཁག་ཏུ་སྤྱད་དེ་ཚན་རྩལ་བོད་སྐྱོར་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད།བོད་སྐྱོར་ལག་རྩལ་ལས་བྱེད་པ་མང་པོ་བསྡུས་པའི་བོད་ལྗོངས་སློབ་ཆེན་ཡང་མིང་དོན་མཚུངས་པའི་ལག་རྩལ་གྱི་བོད་སྐྱོར་རྟེན་གཞི་ཞིག་ཏུ་གྱུར་ཡོད།

    བོད་ལྗོངས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཁྲེན་ཅན་ལུང་ནི་བོད་སྐྱོར་ལས་བྱེད་པའི་ཁྲོད་ཀྱི་ཕུལ་བྱུང་མི་སྣ་ཞིག་ཡིན་ཞིང་།ཁོང་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་ཁྲོད་བོད་ལྗོངས་སློབ་ཆེན་གྱིས་ལོ་མང་གི་བོད་སྐྱོར་ལས་དོན་ཐད་བསགས་པའི་ཚན་ཞིབ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཚན་རྩལ་མཐོ་བའི་ལག་རྩལ་དེ་བོད་ཀྱི་དགོན་སྡེའི་ལྡེབས་རིས་སྲུང་སྐྱོབ་དང་།ཐང་གའི་སྒྱུ་རྩལ་རྒྱུན་འཛིན།གླིང་སྒྲུང་ལེགས་སྒྲིག་སོགས་ཁྱབ་ཁོངས་མང་པོའི་ནང་སྤྱད་པར་བརྟེན་དེའི་འགག་རྩའི་ནུས་པ་འདོན་སྤེལ་ཐུབ་ཡོད་ཅེས་གསར་འགོད་པར་བཤད།

    ལོ་ཉི་ཤུའི་རིང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཁེ་ལས་བཅས་ཀྱིས་ཤེས་ལྡན་མི་སྣ་དང་།མ་དངུལ།ལག་རྩལ།ཁྲོམ་རའི་ལེགས་ཆ་བཅས་རོགས་སྐྱོར་བྱ་ཡུལ་ས་ཁུལ་གྱི་སྲིད་ཇུས་དང་།ཐོན་ཁུངས།རྗེས་འཕེལ་གྱི་ལེགས་ཆ་བཅས་དང་ཟུང་འབྲེལ་བྱས་ནས་རིག་གནས་བོད་སྐྱོར་གྱི་རྣམ་གྲངས་ཁག་གཅིག་གཏན་འཁེལ་བྱས་པ་སྟེ།པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ་དང་པེ་ཅིང་གྲོང་ཁྱེར་ཚོང་དོན་གྱིས་མཉམ་འབྲེལ་ཐོག་གཉེར་བའི་བོད་ཀྱི་ལྷ་སའི“ཚོང་ཟོག་གཅིག་སྡུད”ཀྱི་བྱེད་སྒོ་སྤེལ་བའི་ནང་བོད་ཀྱི་ཕུལ་བྱུང་ཁེ་ལས་མང་པོ་ཞིག་ཞུགས་ནས་བོད་ཀྱི་ཁྱད་ལྡན་ཐོན་ཟོག་དང་ཁྱད་ལྡན་རིག་གནས་གང་ལེགས་མངོན་པ་བྱས་ཁར་བྲིན་ཚོང་ཡོང་འབབ་ཀྱང་སྒོར་ཁྲི་1200ལྷག་ཙམ་བྱུང་བ་དང་སྦྲགས་པེ་ཅིང་དུ་བོད་ཀྱི་ཐོན་ཟོག་སྤུས་རྟགས་ཀྱི་ཚོང་ཁང་ཨ་མ་ཐོག་མ་དེ་བཙུགས་པ་དང་།དངོས་ལྗོངས་ཟློས་གར་འུན་ཤིང་ཀོང་ཇོ་འཁྲབ་སྟོན་རྣམ་གྲངས་བསྐྲུན་ཏེ་ལྷ་སའི་རིག་གནས་ཀྱི་རྣམ་པ་དང་།མི་རིགས་ཀྱི་གླུ་གར།མི་རིགས་ཀྱི་གྱོན་ཆས་བཅས་གང་ལེགས་མངོན་རྒྱུ་དེ་པེ་ཅིང་གྲོང་ཁྱེར་གྱིས་ལྷ་ས་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རིག་གནས་གསར་གཏོད་ཀྱི་འདུ་འགོད་གལ་ཆེན་ཞིག་ཏུ་གྱུར་ཡོད།

    བོད་སྐྱོར་ལས་དོན་གྱིས་རང་ལྗོངས་ཀྱི་བོད་མི་རིགས་ཀྱི་རིག་གནས་ལ་སྐུལ་འདེད་དང་འཕེལ་རྒྱས་བཏང་བ་དང་རིག་གནས་དམངས་ཕན་མངོན་འགྱུར་བྱུང་བ་མ་ཟད།སྦྲེལ་ཟམ་གྱི་ནུས་པ་ཡང་འདོན་སྤེལ་ཐུབ་པ་བྱུང་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག