མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལག་གདང་སྦྲེལ་ནས་གསར་གཏོད་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་ལེའུ་གསར་པ་ བརྩམས་པ།

ཁ་གཏད་བོད་སྐྱོར་བྱས་ནས་ལོ་20འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་སྒྲིལ་གླེང་དྲུག་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-07-13 11:36

    “ཁེར་རྐྱང་གི་རོགས་སྐྱོར”དེ“མཉམ་ལས་གཉིས་ཁེའི”ཕྱོགས་སུ་འགྱུར་ལྡོག་གཏོང་བ།

    ཉིན་ལྟར་གྱི་ཞོགས་པའི་ཆུ་ཚོད་བརྒྱད་པར་སྦ་ཆུང་གྲོང་ཚོའི་གྲོང་མི་སྐལ་བཟང་ནོར་བུས་སྦག་སྦག་བཞོན་ནས་གྲོང་ཚོ་དང་བར་ཐག་སྤྱི་ལེ་གསུམ་ཡོད་པའི་ལམ་བུ་བརྒྱུད་སྤོ་མེས་རྫོང་ཁྲག་རྨོག་གྲོང་རྡལ་དུ་འབྱོར་རྗེས་སླར་ཡང་ཀུང་སིའི་དུས་གཏན་རླངས་འཁོར་ལ་བསྡད་དེ་རྟེན་གཞིར་ལས་ཀ་བྱེད་པར་འགྲོ་གི་ཡོད།སྐལ་བཟང་ནོར་བུའི་ལས་ཀ་བྱེད་ས་དེ་ཀོང་ཏུང་ཞིང་ཆེན་གྱི་མཉམ་ལས་བོད་སྐྱོར་རྣམ་གྲངས་ཡིན་པའི་སྤོ་མེས་རྫོང་ཐོན་ལས་གླིང་དུ་གཞིས་ཆགས་པའི་བོད་ལྗོངས་ཉིང་ཁྲི་ཀོང་ཡའོ་སྨན་རྫས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་བོད་ཀྱི་ཀོང་ཤ་དང་བོད་ཀྱི་པ་ཡག་GAPརྟེན་གཞི་ཡིན་པ་རེད།

    སྐལ་བཟང་ནོར་བུས་གསར་འགོད་པར་ལོ་ཤས་གོང་བོད་སྐྱོར་ལས་དོན་རུ་ཁག་གིས་ཆེད་མངགས་རང་ཉིད་ཀོང་ཀྲོའུ་དང་།ཀྲུའུ་ཧའེ།ཧྲེན་ཀྲེན་སོགས་ལ་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱེད་པར་བཏང་བྱུང་།ཕྱིར་ལོག་བྱས་རྗེས་ཀོང་ཡའོ་ཀུང་སི་དང་གན་རྒྱ་བཞག་པར་ཟླ་རེར་གླ་ཆ་སྒོར་3000ཙམ་འདུག་ཅེས་བཤད་བྱུང་།

    ཀོང་ཏུང་གི་བོད་སྐྱོར་ལས་དོན་རུ་ཁག་ཁག་དྲུག་པས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་གྱིས“དེང་རབས་དང་།སྣོད་བཅུད།ཁྱད་ལྡན”བཅས་ཀྱི་རྩ་དོན་གཞིར་བཟུང་སྤོ་མེས་རྫོང་ཐོན་ལས་གླིང་འཛུགས་སྐྲུན་བྱས་ཤིང་།དེའི་གཙོ་ཁྲིད་ཐོན་ལས་ནི་བོད་སྨན་བཟོ་སྐྲུན་གཙོ་བོར་བྱེད་པའི་མི་རིགས་ཀྱི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་དང་།ལྷད་མེད་བཟའ་བཅའ་དང་བཏུང་བྱ་བཟོ་སྐྲུན་ལས་རིགས།མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཆས་བཟོ་སྐྲུན་ལས་རིགས།མི་རིགས་བཟོ་རྩལ་ཐོན་རྫས་ལས་སྣོན་ལས་རིགས་བཅས་ཡིན་ཞིང་།ད་ཆ་ཐོན་ལས་གླིང་དེ་བོད་སྐྱོར་ལས་བྱེད་པས་རོགས་སྐྱོར་བྱེད་པ་ནས་རང་འཕེལ་ནུས་པ་ཆེ་རུ་གཏོང་བའི་མིག་དཔེ་ཞིག་ཏུ་གྱུར་ཡོད།

    དེ་སྔོན་བོད་སྐྱོར་རྣམ་གྲངས་མང་ཆེ་བ་ནི་སྤྱི་ཕན་རང་བཞིན་གྱི་རྣམ་གྲངས་དང་།རྨང་གཞིའི་རང་བཞིན་གྱི་རྣམ་གྲངས།དམངས་སེམས་འདུ་འགོད།གཟུགས་བརྙན་འདུ་འགོད་བཅས་ཡིན་ཞིང་།རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་དུས་མཚུངས་བོད་སྐྱོར་ལས་དོན་གྱི་བསམ་ཕྱོགས་ཀྱང་མངོན་མེད་དུ་འགྱུར་ལྡོག་འགྲོ་བཞིན་ཡོད་པ་རེད།རོགས་སྐྱོར་རྣམ་གྲངས་ཐད་རང་འཕེལ་རྣམ་པ་དང་ཐོན་སྐྱེད་རྣམ་པའི་ཕྱོགས་སུ་འགྱུར་ལྡོག་གཏོང་རྒྱུར་དེ་བས་སྣང་ཆེན་བྱེད་པ་དང་།རོགས་སྐྱོར་བྱེད་ཐབས་ཐད་ཁྲོམ་རའི་ལམ་སྲོལ་དེ་བས་མང་བ་ནང་འདྲེན་བྱས་ནས་སྲིད་གཞུང་གི་རྐྱང་མའི་རིན་མེད་རོགས་སྐྱོར་ནས་རིམ་པ་མང་བ་དང་ཕྱོགས་ཡོངས་ནས་རོགས་སྐྱོར་བྱེད་པའི་ཕྱོགས་སུ་འགྱུར་ལྡོག་གཏོང་བ།རོགས་སྐྱོར་གཙོ་གནད་ཐད་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྣང་ཆེན་བྱེད་པ་ནས་ཞིང་འབྲོག་ཁུལ་དང་གཞི་རིམ་གྱི་འཛུགས་སྐྲུན་ལ་སྣང་ཆེན་བྱེད་པའི་ཕྱོགས་སུ་འགྱུར་ལྡོག་གཏོང་བ།རྣམ་གྲངས་འཛུགས་སྐྲུན་གྱི་ཚད་གཞིའི་ཐད་འགོ་འཛུགས་ས་མཐོ་བ་དང་།ཚད་གཞི་མཐོ་བ།ཕན་འབྲས་ཆེ་བ་བཅས་ཀྱི་ཕྱོགས་སུ་འགྱུར་ལྡོག་གཏོང་བ།རོགས་སྐྱོར་འདུ་ཤེས་ཐད་མ་དངུལ་གྱི་ཐོག་ནས་རོགས་སྐྱོར་བྱ་རྒྱུ་གཙོ་བོར་བྱེད་པ་ནས་འདུ་ཤེས་གསར་པ་ནང་འདྲེན་བྱ་རྒྱུ་གཙོ་བོ་བྱེད་པའི་ཕྱོགས་སུ་འགྱུར་ལྡོག་གཏོང་བ་བཅས་རེད།

    ཅང་སུའུ་ཞིང་ཆེན་གྱིས་ལྷ་ས་གྲོང་ཁྱེར་དང《ཅང་སུའུ་དང་ལྷ་སའི་ཐོན་ལས་མཉམ་ལས་སྟེགས་བུ་ཐུན་མོང་ཐོག་བསྐྲུན་རྒྱུའི་གྲོས་མཐུན》བཞག་ནས་ཐོན་ལས་ཀྱི་མཉམ་ལས་སྟེགས་བུ་ཧུར་ཐག་བསྐྲུན་པ་དང་མ་དངུལ་གྱི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཅང་སུའུ་དང་ལྷ་སའི་དབར་གྱི་ཐོན་ལས་མཉམ་ལས་དེ་ཐོན་ལས་གཞན་སྒྱུར་དང་།ཁེ་ལས་སྐྱེད་སྲིང་།ཐོན་རྫས་གསར་གཏོད།ཁྲོམ་ར་གསར་འབྱེད་སོགས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བས་ཅང་སུའུ་དང་ལྷ་སའི་ཁེ་ལས་དབར“གདན་དྲངས་པ་དང་ཕྱིར་བསྐྱོད་པའི”མཉམ་ལས་ཀྱི་རྣམ་པ་བཟང་པོ་ཞིག་རིམ་བཞིན་ཆགས་ཡོད་པ་རེད།ཅང་སུའུ་ཧུང་ཐུའུ་སན་པའོ་ཚོགས་པས་ཚོང་ལས་རྣམ་གྲངས་དང་བདུད་རྩི་རྟགས་ཅན་གྱི་བོད་སྨན་རྣམ་གྲངས་ཉོ་སྒྲུབ་བྱེད་པ་དང་དེ་བཞིན་ནན་ཅིང་ཡན་ཁྲང་སྨན་ལས་དང་།ནན་ཅིང་འབྲི་ཆུ་སྨན་ལས།ལེན་ཡུན་ཀང་ཁང་ཡོན་སྨན་ལས་བཅས་ཀྱིས་མ་འཇོག་བྱས་ནས་བོད་སྨན་བཟོ་སྣོན་བྱེད་པ་སོགས་ཀྱི་རྣམ་གྲངས་ཁག་གཅིག་ལ་ངོ་བོའི་རང་བཞིན་གྱི་ཡར་རྒྱས་བྱུང་བས་ལྷ་སའི་དཔལ་འབྱོར་རྒྱུན་སྲིང་ངང་འཕེལ་རྒྱས་འགྲོ་མགྱོགས་སུ་ཕྱིན་ཡོད་པ་རེད།ཧུའུ་པེ་ཞིང་ཆེན་གྱིས་ཞིང་ཆེན་ནང་ཁུལ་གྱི་ཁྲོམ་རའི་གཉེར་ཚོང་གི་ལེགས་ཆར་བརྟེན་ནས“ས་མཐོའི་ལྷད་མེད”སྤུས་རྟགས་ཡག་པོ་གཏོད་རྒྱུ་དེ་འགོ་འཛུགས་སར་བྱས་ནས་ལོ་བདུན་བསྟུད་མར་ཧུའུ་ནན་ཁྲང་ཧྲ་ཡི་ཀྲུང་གོའི་དབུས་རྒྱུད(ཧུའུ་ནན)ཀྱི་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་འགྲེམས་ཚོང་ཚོང་འདུས་ཐོག་ལྷོ་ཁའི་ཞིང་ལས་ཐོན་རྫས་སྤུས་ལེགས་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་བོད་ཀྱི་ས་མཐོའི་ལྷད་མེད་ཐོན་རྫས་ཁྲོམ་ར་རྒྱ་བསྐྱེད་གཏོང་བ་སོགས་ཀྱི་བོད་སྐྱོར་རྣམ་གྲངས་དེ་དག་ལས“ཁྲོམ་རའི་ཉམས་འགྱུར”ཟབ་མོ་མངོན་པ་སྨོས་ཅི་དགོས།

    རོགས་སྐྱོར་དང་ལེན་བྱེད་མཁན་ས་ཁུལ་གྱིས་རང་འཕེལ་གྱི་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་རྐྱང་མའི་རོགས་སྐྱོར་དེ་མཉམ་ལས་གཉིས་ཁེའི་བར་འགྱུར་བ་བྱེད་པ་དང་བོད་འདི་ཉིད་འཕེལ་རྒྱས་གཏོང་བའི་ནང་གནས་སྒུལ་ཤུགས་དེ་ཕྱི་ཕྱོགས་ཀྱི་རོགས་སྐྱོར་ནུས་་པ་དང་ཟུང་འབྲེལ་བྱས་པས་ཁ་གཏད་བོད་སྐྱོར་ལས་དོན་དེ“ཁེར་རྐྱང་གི་རོགས་སྐྱོར”ནས་རོགས་སྐྱོར་བྱ་རྒྱུ་དང་རང་འཕེལ་ནུས་པ་ཆེ་རུ་གཏོང་རྒྱུ་གལ་ཆེ་མཉམ་འཛིན་གྱི་ཕྱོགས་སུ་རིམ་བཞིན་འགྱུར་ལྡོག་འགྲོ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག