ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ7པའི་ཚེས9ཉིན་གྱི་ཕྱི་དྲོར་བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་སྤྲོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱི2014ལོའི་མཐོ་རྒྱུགས་དཀྱུས་མའི་དྲ་ཐོག་གི་རྒྱང་བསྟེན་བསྡུ་ལེན་བྱ་བ་ཟླ7པའི་ཚེས7ཉིན་ནས་བཟུང་དངོས་སུ་སྤེལ་འགོ་ཚུགས་ཤིང་། ཚོད་རྩིས་ལྟར་ན་ཟླ8པའི་ཟླ་སྨད་དུ་ཡོངས་སུ་མཇུག་རྫོགས་རྒྱུ་རེད།
རྒྱུས་ལོན་ལྟར་ན། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་སྔ་གཞུག་ཏུ《བོད་རང་སྐྱོང་ལྗོངས་ཀྱི2014ལོའི་མཐོ་སློབ་དཀྱུས་མའི་སློབ་མ་དྲ་ཐོག་ནས་རྒྱང་བསྟེན་བསྡུ་ལེན་བྱེད་པའི་བྱ་བའི་ལག་བསྟར་ཇུས་གཞི》དང་། 《བོད་རང་སྐྱོང་ལྗོངས་ཀྱི2014ལོའི་མཐོ་སློབ་དཀྱུས་མའི་སློབ་མ་བསྡུ་ལེན་བྱེད་པའི་བྱ་ལེགས་པོར་སྒྲུབ་པའི་འབྲེལ་ཡོད་བརྡ་སྦྱོར》《བོད་རང་སྐྱོང་ལྗོངས་ཀྱི2014ལོའི་མཐོ་སློབ་དཀྱུས་མས་སློབ་མ་བསྡུ་ལེན་བྱེད་པའི་དོ་དམ་བྱེད་ཐབས》གཏན་ལ་ཕབ་ཏེ་འགྲེམ་གཏོང་བྱས། དེ་དག་ལས་མཐོ་སློབ་ཀྱིས་སློབ་མ་དྲ་ཐོག་ནས་རྒྱང་བསྟེན་བསྡུ་ལེན་བྱེད་པའི་བྱ་བའི་ལམ་ལུགས་དང་། བསྡུ་ལེན་དོ་དམ་ལམ་ལུགས། བསྡུ་ལེན་བྱ་བའི་སྒྲིག་ལམ་སོགས་གཏན་ཁེལ་གསལ་བོ་བྱས།
རྒྱུས་ལོན་ལྟར་ན། ད་ལོར་སློབ་མ་དྲ་ཐོག་ནས་རྒྱང་བསྟེན་བསྡུ་ལེན་བྱེད་པའི་བྱ་བར་དུས་རིམ་བཞི་བཀར་ཡོད་དེ། དུས་ཚད་ཀྱི་སྔོན་དུ་ལོགས་སུ་སློབ་མ་བསྡུ་ལེན་བྱེད་པའི་དུས་ཚོད་ནི་ཟླ7པའི་ཚེས7ཉིན་ནས་ཟླ7པའི་ཚེས20ཉིན་བར་ཡིན། སྐོར་ཁག་དང་པོའི་དངོས་གཞི་སློབ་མ་བསྡུ་ལེན་བྱེད་པའི་དུས་ཚོད་ནི་ཟླ7པའི་ཚེས21ནས་ཚེས27ཉིན་བར་དུ་ཡིན། སྐོར་ཁག་གཉིས་པའི་དངོས་གཞི་སློབ་མ་བསྡུ་ལེན་བྱེད་པའི་དུས་ཚོད་ནི་ཟླ7པའི་ཚེས27ཉིན་ནས་ཟླ8པའི་ཚེས6ཉིན་བར་དུ་ཡིན། སྐོར་གསུམ་པའི་ཆེད་སྦྱོང་ཚན་ཁག་གི་སློབ་མ་བསྡུ་ལེན་བྱེད་པའི་དུས་ཚོད་ནི་ཟླ8པའི་ཚེས6ཉིན་ནས་ཚེས18ཉིན་བར་བཅས་ཡིན་པ་རེད། །