མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རྙིང་པ—

སྟར་རྫོང་གི་ཕུན་ཚོགས་མགོན་རྒྱལ་གྱིས་རང་དགར་དགོངས་དམ་བཟོས་པ་དང་ཏཱ་ལའི་ཡིག་ཆ་བརྫུས་མ་བཀྲམ་པའི་ཉེས་པ་བསགས་རྐྱེན་དེའི་མིག་འདོན་དང་། ལག་གཡས་གཅོད། ཉྭ་བཏོན་ཐོག་ཚེ་གང་རིང་དོ་དམ་བྱ་རྒྱུའི་སྐོར་གྱི་བཀའ་ཤག་གི་འབྲེལ་ཡོད་ཆད་གཅོད་ཡི་གེ

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-07-10 15:31

     སྟར་རྫོང་ཁུལ་ཉི་ཤར་རི་ཁྲོད་ཀྱི་འགན་འཁུར་བྱེད་པོ་སྤྲུལ་སྐུའི་ཕ་ཕུན་ཚོགས་མགོན་རྒྱལ་ཟེར་བ་ནས་ཞ་ཉེར་དགོངས་དམ་གྱི་ཞལ་རིས་བཀོད་དེ་གཞུང་རྒྱུགས་ལ་ཐོག་པའི་སྟོང་ཞིང་མ་བའི་བདུན་འཇགས་ཚུལ་བཀའ་གཏན་བརྫུས་མ་དཔལ་འབར་ཞིབ་སར་མིག་བསྟར་བགྱིས་པ་ཁྲིམས་འགལ་བྱེད་འཛོལ་ཤིན་ཏུ་ཆེ་ཡང་། འདི་ལོ་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་གསེར་ཁྲིར་མངའ་གསོལ་བཀའ་དྲིན་ཆེ་རྒྱུའི་ཞབས་བརྟན་ཆེད་སྲོག་གི་ཉེས་པ་ཡངས་པས་མི་ངན་ཕུན་མགོན་གྱི་མིག་འདོན། ལག་གཡས་གཅོད། ཉྭ་བཏོན་ཐོག་ཚེ་གང་རིང་སྟར་རྫོང་རྫོང་སྟོད་ནས་དོ་དམ་དང་། གོང་གསལ་རི་ཁྲོད་མཆོད་རྒྱུན་གྱི་གནས་མ་ཟད། འདི་སྐོར་སྤྲུལ་སྐུ་ཉེ་འབྲེལ་ལྟོས་བཅས་ནས་ཐེ་ཚོགས་མེད་པ་ཞིབ་སར་ར་འཕྲོད་གཤིས་ཉེས་པ་རྩ་ཡངས་ཀྱི་ཕྱིན་ཆད་ཁྲིམས་མཐུན་འགྲོ་བཟོ་སྡོད་མཁས་དགོས་རྒྱུའི་གན་རྒྱའི་མཐའ་འདོམས་དང་འབྲེལ་བའི་མཇུག་གནོན་བཀོད་ཁྱབ་དང་། དཔལ་འབར་དགོན་གྱི་སློབ་དཔོན་ཚུལ་ཁྲིམས་རབ་འབྱོར་ནས་ཕུན་མགོན་གྱི་ཁ་རྗེས་སུ་འབྲེངས་ཏེ་མེ་སྟག་ལོ་རྒྱལ་སྟོན་གྲགས་རྒྱལ་ཟེར་བ་ལྷ་སར་གནས་མཇལ་དུ་འབྱོར་མདུན་བཀའ་གཏན་གོང་གསལ་ཞུ་རྒྱུ་བསྐུར་འཁྱེར་འདུག་པ་འབྲས་གུང་རུ་བགྲེས་པ་བརྒྱུད་ཞུས་ན་འགབ་ཚུལ་བློ་འདོན་བྱས་ལུགས་ཞུ་བ་ཕུལ་རྗེས་དམ་བརྫུས་ཁུང་ཐོན་མཚམས་ཚུལ་རབ་ལ་བསྐྱར་འདྲི་བགྱིས་སྐབས་ཉེ་ཆར་ཕུན་མགོན་ནས་ཞིབ་སར་གོང་བཞིན་ཞུ་གྲོགས་ཟེར་དོན་ཉེ་འབྲེལ་ལ་བརྟེན་པས་མ་ཞུ་མཐུ་མེད་བྱུང་བ་ལས་གྲགས་རྒྱལ་དང་ཐུག་འཕྲད་ཙམ་མེད་ངེས་ཞུ་བ་བཅས་རྒྱལ་ཁྲིམས་དང་རང་རང་གི་འཁེལ་ཉེས་ལ་བསམ་གཞིགས་མེད་པས་ཕུན་མགོན་ནས་དྲན་འཕྲུལ་་་་་་་་་གཡོ་འཛིན་བགྱིས་ཀྱིས་གསལ་རྗེས་སུ་འབྲེངས་པས་ཁྲིམས་སར་ཞུ་འཛད་ལྐོག་ལྷད་གཏོང་རྩིས་བྱེད་འཛོལ་ཆེ་ཙམ་ཡང་ལྟེ་བའི་དམ་བརྫུས་བཟོ་གཏོང་སྙམ་ཐེ་ཚོགས་རིགས་དངོས་ཤུགས་ནས་མེད་ངེས་ལ་བརྟེན་མངའ་བཟོས་ཀྱི་ཉེས་པར་དཔལ་འབར་སློབ་དཔོན་ལས་འཁུར་ཕྱིར་འཐེན་ཐོག་ཕྱིན་ཆད་འདི་རིགས་མི་འབྱུང་བའི་ཁྲིམས་མཐུན་ཚུལ་གནས་ཞུ་རྒྱུའི་གན་ཁག་འབུལ་འཛིན་དགོས་རྒྱུ་འམ། དེ་མིན་དངོས་པོའི་ཉེས་པ་གསེར་སྲང་། ༢ ༢ ༣ སོང་བ་དངུལ་འབབ་རྟ་ཟམ་ཐོག་བརྫོང་བདའ་དགོས་རྒྱུ་བཅས་སྟར་རྫོང་རྫོང་སྟོད་ལ་བཀའ་ཤག་ནས་བཀོད་རྒྱ་འཐུས་ནན་བཏང་ན་འཐུས་མིན་སྙན་ཞུ།

    (དུས་རབས་18པའི་དུས་མཇུག་གམ་ཡང་ན་དུས་རབས་19པའི་དུས་འགོ)

    མཆན་འགྲེལ།

    1.སྟར་རྫོང་ཞེས་པ་ནི་དེང་ཆབ་མདོ་ས་ཁུལ་དཔལ་འབར་རྫོང་ཡིན།

    2.ཉི་ཤར་མཚམས་ཁང་ཞེས་པ་ནི་བོད་སྐད་དུ་ཉི་ཤར་རི་ཁྲོད་ཅེས་བརྗོད།

    3.སྤྲུལ་སྐུ་ཞེས་པ་ནི་ཉི་ཤར་མཚམས་ཁང་གི་སྤྲུལ་སྐུ་སྟེ་ཉེས་ཅན་ཕུན་ཚོགས་མགོན་པོའི་བུ་ཡིན།

    བོད་ལྗོངས་ཡིག་ཚགས་ཁང་གིས་ཉར་ཚགས་བྱས་པའི་བོད་ཡིག་གི་ལོ་རྒྱུས་ཡིག་ཚགས་པར་བཤུས།

    (བོད་ལྗོངས་ཡིག་ཚགས་ཁང་གིས་མཁོ་འདོན་བྱས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག