མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྗོངས་ཡོངས་ཀྱི་ཆེད་ཚན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་མཇུག་འགྲིལ་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-07-10 15:30

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་7ཚེས་7ཉིན་གྱི་དགོང་མོ“ངོ་མཚར་སློབ་ཆེན་ལུས་རྩལ་འགྲན་ཚོགས་ལས། རླབས་ཆེན་ཀྲུང་གོའི་ཕུགས་འདུན་མཛེས་པར་བརྒྱན”ཞེས་བརྗོད་བྱ་གཙོ་བོར་བྱས་པའི་ལྗོངས་ཡོངས་ཀྱི་ཆེད་ཚན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་ལུས་རྩལ་ཁང་དུ་བདེ་བླག་ངང་མཇུག་འགྲིལ་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཏེ་ལི་མཇུག་འགྲིལ་མཛད་སྒོར་ཞུགས་པ་རེད།

    ཉིན་10ཡི་རིང་ལྟད་མོ་ཆེ་བ་དང་། དངངས་འཚབ། ཛ་དྲག་བཅས་ཀྱི་འགྲན་བསྡུར་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་ཆེད་ཚན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པའི་འགྲན་བསྡུར་རྣམ་གྲངས་ཆ་ཚང་མཇུག་འགྲིལ་ཞིང་། སློབ་ཆེན་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་འགན་འཁུར་བས་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་གཞི་ཁྱོན་དང་མི་གྲངས་ཀྱིས་ལྗོངས་ཡོངས་ཀྱི་ཆེད་ཚན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པས་དེ་ནི“ལེགས་སྒྲུབ་དང་། བདེ་བླག བདེ་འཇགས། ངོ་མཚར”བཅས་ལྡན་པའི་ལུས་རྩལ་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་ལ། “མཐུན་སྒྲིལ་དང་། མཛའ་གྲོགས། ཤེས་དཔལ། ཞི་མཐུན”བཅས་ལྡན་པའི་རིག་གནས་འདུ་ཚོགས་གཟབ་རྒྱས་ཤིག་ཀྱང་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    མཇུག་འགྲིལ་མཛད་སྒོའི་ཐོག་སློབ་ཆེན་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནང་ཚོགས་ཆུང་ཀ་པའི་ཚོགས་པའི་སྤྱིའི་སྐར་གྲངས་ཨང་དང་པོ་ཐོབ་པའི་བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་དང་། ཚོགས་ཆུང་ཁ་པའི་ཚོགས་པའི་སྤྱིའི་སྐར་གྲངས་ཨང་དང་པོ་ཐོབ་པའི་ལྷོ་ཁ་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་དེ་བཞིན་ལུས་རྩལ་ཀུན་སྤྱོད་དར་སྲོལ་བྱ་དགའ་ཐོབ་པའི་བོད་ལྗོངས་སློབ་ཆེན་གྱི་འཐུས་མི་ཚོགས་པ་སོགས་ཕུལ་བྱུང་འཐུས་མི་ཚོགས་པ་དང་མི་སྒེར་ལ་བྱ་དགའ་སྤྲད་པ་རེད། ཤེས་རྟོགས་བྱས་པར་གཞིགས་ན། སྐབས་འདིའི་སློབ་ཆེན་ལུས་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་དང་། དངུལ་གྱི་རྟགས་མ། ཟངས་ཀྱི་རྟགས་མ་བཅས་སོ་སོ་70ཐོན་པ་དང་། མི་ཐེངས་31གིས་སློབ་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་16གི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    མཇུག་འགྲིལ་མཛད་སྒོའི་ཐོག་སྐབས་འདིའི་སློབ་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་འགན་འཁུར་བས་ལྗོངས་ཡོངས་ཀྱི་ཆེད་ཚན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་སྐབས་བཞི་པའི་སློབ་ཆེན་ལུས་རྩལ་འགྲན་ཚོགས་གཉེར་འགན་འཁུར་མཁན་ཚན་པ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ལ་སྤྲད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག