མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྐུ་བཅར་དྲན་གཡོག་བློ་བཟང་གི“ཚེ་སྟོད་དང་ཚེ་སྨད”

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-07-09 10:11

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་79སླེབས་པའི་བགྲེས་སོང་བློ་བཟང་ནི་པ་ཞོལ་གྲོང་ཚོའི་ལོ་ན་མཐོ་ཤོས་ཀྱི་བགྲེས་སོང་ཞིག་ཡིན་པའི་ངོས་ནས་ཕ་སྤུན་ལྷན་འཛོམས་ཀྱི་བདེ་སྐྱིད་ལོངས་སྤྱོད་བྱེད་བཞིན་ཡོད་ལ་གྲོང་ཚོའི་ནང་གི་མི་རྣམས་ཀྱིས་དམིགས་བསལ་གྱི་བརྩི་བཀུར་དང་ལྟ་རྟོག་བྱེད་ཀྱི་ཡོད།

    གསར་འགོད་པས་བཅར་འདྲི་བྱེད་པའི་ཉིན་དེར་དཔྱིད་འདེབས་ཀྱི་དུས་ཚིགས་ཏག་ཏག་འཁེལ་བས་གྲོང་ཚོའི་ནང་གི་མི་མང་ཆེ་བ་ཞིང་ནང་དུ་ཞིང་ལས་ལ་བྲེལ་བཞིན་ཡོད། བགྲེས་སོང་བློ་བཟང་གི་ཁྱིམ་དུ་བུའི་མནའ་མ་དང་ཚ་བོའི་མནའ་མ་དགུང་ཟས་བཟོ་བཞིན་ཡོད་པ་དང་ཁྱིམ་མཚེས་ཀྱི་ཨ་མས་ཀྱང་རོགས་པ་བྱེད་བཞིན་འདུག ཡང་ཚ་གཉིས་སྐས་ཁར་རྩེད་མོ་རྩེད་བཞིན་ཡོད་པ་དང་བགྲེས་སོང་གིས་ཟླ་བ་བརྒྱད་ལ་སླེབས་པའི་ཡང་ཚ་ཆུང་ཤོས་བསྟན་འཛིན་ནོར་བུ་པང་ཁར་ཉར་ནས་དགའ་བདེའི་དཔལ་ལ་རོལ་བཞིན་མཆིས།

    བགྲེས་སོང་བློ་བཟང་ཤ་རིད་ཙམ་ཡོད་པ་དང་བསྟན་བཤིག་ཚ་པོ་ཞིག་ཡོད་རུང་། ཁོང་གི་བྱིས་པའི་དུས་ཀྱི་འཚོ་བ་ནི་ཧ་ཅང་ཡ་ང་དགོས་པ་ཞིག་ཡོད།

    པ་ཞོལ་གྲོང་ཚོ་ནི་སྤྱི་ཚོགས་རྙིང་པར་སྐབས་དེ་དུས་ཀྱི་པ་སྣམ་རྫོང་གི་གཞིས་ཀ་ཆེ་ཤོས་ཏེ། དཔལ་ཚལ་གཞིས་ཀའི་མངའ་འོག་གི་རྡོ་བ་ནང་མངའ་བདག་གི་བདག་ཁོངས་ཡིན་པ་དང་། རྡོ་བ་ནང་མངའ་བདག་ལ་ཡིག་ཐོག་ཏུ་མ་འཁོད་པའི་གཏན་འབེབས་ཤིག་ཡོད་པ་སྟེ། ཁོངས་གཏོགས་ཁུལ་ནང་གི་བུ་ལོ་10དང་བུ་མོ་ལོ་12ལ་སླེབས་རྗེས་ངེས་པར་དུ་མངའ་བདག་ཁྱིམ་དུ་མངའ་བདག་གི་སྐུ་བཅར་བྲན་གཡོག་བྱེད་དགོས་པ་དེ་རེད།

    བློ་བཟང་ལོ་བརྒྱད་ལ་སླེབས་རྗེས་མངའ་བདག་གིས་སྔ་སྣུར་དུ་ཁོ་པའི་ཁྱིམ་གྱི་བྲན་གཡོག་བྱེད་དགོས་པའི་བརྡ་ཐོ་བཏང་། བློ་བཟང་གི་ཕ་མ་གཉིས་ཀྱིས་ཕྲུ་གུ་ལོ་ན་ཕྲ་བར་ཁ་གཡར་ནས་འགོག་རྒོལ་བྱེད་མྱོང་ཡོད་མོད། འོན་ཀྱང་མངའ་བདག་གིས“ཁྱེད་ཚོའི་ཡོད་ཚད་ང་ལ་བདག་ཡོད”ཅེས་པའི་སྐད་ཆ་ཚིག་གཅིག་བཤད་མ་ཐག་བློ་བཟང་གི་ཕ་མ་གཉིས་བཀའ་ལ་མ་ཉན་དཀའ་མེད་བྱུང་ཡོད།

    བགྲེས་སོང་བློ་བཟང་གིས“དུས་དེ་ནས་བཟུང་ང་མངའ་བདག་གི‘འཁར་རྒྱུག་དང་ཐབ་ཕྱིས’ལ་གྱུར་སོང”ཞེས་བརྗོད།

    ད་བྱེད་དུས་སྐབས་དེ་དུས་ཀྱི་མངའ་བདག་དེ་ནི་མིག་གཉིས་ལོང་བ་དང་གཟུགས་པོ་སྐྱོ་བས་འཚོ་བ་རང་མགོ་མི་ཐོན་པའི་རྒད་པོ་ཞིག་ཡིན་པ་འདྲ། “མིག་གིས་མི་མཐོང་བ་དང་གཟུགས་པོར་ན་ཚ་ཡོད་སྟབས་གཤིས་ཀ་ངན་པོ་ཞིག་ཡོད”ཅེས་བློ་བཟང་གིས་དྲན་གསོ་བྱེད་བཞིན་བརྗོད།

    དུས་དེ་ནས་བཟུང་བློ་བཟང་ཉིན་མོ‘འཁར་རྒྱུག’ཅིག་ཡིན་པའི་ངོས་ནས་མངའ་བདག་སྐྱོར་ཏེ་འཆམ་འཆམ་དང་རྩེད་མོ་རྩེད་སར་འགྲོ་དགོས་པ་དང་། དགོང་མོ‘ཐབ་ཕྱིས’ཤིག་ཡིན་པའི་ངོས་ནས་ཆབ་ཏོག་སྐྱེལ་བ་དང་སྐྱག་གཅིན་ཕྱིས་དགོས་སྟབས་མངའ་བདག་གི་ས་ནས་གོམ་པ་གང་ཡང་ཁ་བྲལ་ཆོག་གི་མེད། བློ་བཟང་གིས“གཟབ་ནན་ཕྲན་ཙམ་མ་བྱས་ཚེ་རྒྱུན་དུ་ཉེས་རྡུང་དང་ཁ་རྡུང་ཕོག་གི་ཡོད”ཅེས་བརྗོད།

    “ཁང་པའི་ནང་ངེས་པར་དུ་ལྷམ་ཕུད་ནས་འགྲོ་དགོས་པས་གྲང་ཤུར་ཤུར་གྱི་ཨར་ཀའི་སྟེང་ཆུ་ཚོད་ཁ་ཤས་ལངས་དགོས་ཀྱི་ཡོད་པས་དེའི་གྲང་ངར་དང་ན་ཟུག་དངོས་འབྲེལ་བཟོད་དཀའ་བ་ཞིག་ཡོད”ཅེས་བློ་བཟང་གིས་དྲན་གསོ་བྱེད་བཞིན་བཤད།

    ད་ཆ་པ་ཞོལ་གྲོང་ཚོའི་དུད་ཚང་ཚང་མས་སྡོད་ཁང་གསར་པ་བརྒྱབ་ཡོད་ལ“བཏུང་མི་ཚར་བའི་ཆང”ཡང་ཡོད། ཕྱི་དྲོའི་ཆུ་ཚོད་ལྔ་པ་ལྷག་ཙམ་ལ་བུའི་མནའ་མ་མིག་དམར་མཚམས་གཅོད་ཀྱིས་དུས་ཐོག་ཏུ་བགྲེས་སོང་ལ་ཆང་དམ་བི་གང་བཏེགས། བགྲེས་སོང་གིས་འཛུམ་འཚེར་འཚེར་ངང“ཉིན་ལྟར་ཕྱི་དྲོ་ཆང་དམ་བི་གང་ངེས་པར་དུ་འཐུང་གི་ཡོད”ཅེས་བརྗོད།

    བགྲེས་སོང་བློ་བཟང་ལ་ཕྲུ་གུ་དྲུག་ཡོད་པ་ད་ཆ་ཚང་མ་རང་རྐྱ་འཕེར་བ་དང་། ཚ་བོའི་ཁྲོད་ནས་འགའ་ཞིག་སྨན་པ་ཡིན་པ་དང་ལ་ལ་ནང་སར་སློབ་ཆེན་འགྲིམས་བཞིན་ཡོད། ཁྱིམ་དུ་ད་དུང་ཡང་ཚ་བ་བཞི་ཡོད། དེ་སྔ་སྐུ་བཅར་དྲན་གཡོག་ཡིན་པའི་ཁོང“རྨི་ལམ་དུའང་རྨིས་མྱོང་མེད་པའི་འཚོ་བ་ཡག་པོ་སྐྱེལ་བཞིན”ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག