མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

“འཚོ་ཐབས་དཀའ་བའི་ཁུལ”དུ་སྙིང་སྟོབས་ཀྱི་མཛད་རྗེས་རྡོ་རིང་བཙུགས་པ།

——“གམ་པ་ལའི་སྙིང་སྟོབས”རྒྱུན་འཛིན་བྱེད་རིང་གསར་གཏོད་བྱེད་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-07-09 10:10

གམ་པ་ལའི་དཔོན་དམག་ཚོས་རྒྱལ་དར་ཐོག་མིང་རྟགས་བཀོད་ནས་ལོ་རྒྱུས་རང་བཞིན་གྱི་དུས་དེར་དྲན་གསོ་ཞུ་བ།

    རི་རྩེ་གནམ་ལ་ཟུག ཁ་བ་བུ་ཡུག་འཚུབ།

    གམ་པ་ལ་ནི་མིང་དོན་མཚུངས་པའི“འཚོ་ཐབས་དཀའ་བའི་ཁུལ”ཞིག་རེད།

    ཁོར་ཡུག་ཇི་ཙམ་ཞན་པ་དེ་ཙམ་གྱིས་འཐབ་སེམས་སྔར་བས་ཆེ་བ་ཡོད། དུས་རབས་ཕྱེད་ཙམ་ནང་གམ་པ་ལའི་ལུའེ་ཏ་ས་ཚིགས་ཀྱི་དཔོན་དམག་ཚོས་འཚོ་གནས་ཀྱི་ཁོར་ཡུག་ཧ་ཅང་ཞན་པོར་འགྲན་སློང་བྱས་ནས་གངས་འཁྱག་གི་གྲང་ངར་དང་ས་མཐོའི་གསོ་རླུང་མི་འདང་བ་ལས་རྣམ་པར་རྒྱལ་བ་བྱས་ཏེ“དཀའ་སྡུག་བཟོད་ཐུབ་པ་དང་། སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ། རང་འགན་ནན་སྒྲུབ། སྙིང་རུས་ཆེན་པོས་བརྩོན་ལེན”བཅས་བྱེད་པའི“གམ་པ་ལའི་སྙིང་སྟོབས”ཤིག་ཆགས་པ་དེ་བོད་སྡོད་མཁའ་དམག་གི་དཔོན་དམག་ཚོའི་སྙིང་སྟོབས་ཀྱི་རྒྱུ་ནོར་རྩ་ཆེན་ཞིག་ཏུ་གྱུར་ཡོད།

    1993ལོའི་ཟླ་བདུན་པར་གམ་པ་ལའི་ལེའུ་ཏ་ས་ཚིགས་ལ་མཁའ་དམག་ཏང་ཨུད་ཀྱིས“གམ་པ་ལའི་དཔེ་བཟང་ལུའེ་ཏ་ལེན”གྱི་གཟི་བརྗིད་མཚན་སྙན་གནང་བ་དང་། 1994ལོའི་ཟླ་དྲུག་པར་གམ་པ་ལའི་ལུའེ་ཏ་ས་ཚིགས་ལ་ཀྲུང་དབྱང་དམག་ཨུད་ཀྱིས“གམ་པ་ལའི་དཔའ་བོའི་ལུའེ་ཏ་ས་ཚིགས”ཀྱི་གཟི་བརྗིད་མཚན་སྙན་གནང་བ་རེད།

    དུས་དེ་ནས་བཟུང“གམ་པ་ལའི་སྙིང་སྟོབས”དེ་གངས་ལྗོངས་ས་མཐོར་ཁྱབ་པ་མ་ཟད་དམག་ཡོངས་དང་རྒྱལ་ཡོངས་སུའང་ཁྱབ་ཡོད།

    དཀའ་སྤྱད་འབད་འཐབ་ཀྱི་རྒྱུན་འཛིན་ཏེ།

    གཟི་བརྗིད་ནི་ལེ་དབར་ཁྲི་ཡི་རྒྱང་སྐྱོད་ཀྱི་གོམ་པ་དང་པོ་ཙམ་ཡིན་པ།

    དཀའ་སྤྱད་འབད་འཐབ་བྱ་རྒྱུ་ནི་གམ་པ་ལའི་ལུའེ་ཏ་ས་ཚིགས་ཀྱི་ཁྱིམ་རབས་བརྒྱུད་སྤྲོད་ཀྱི་ནོར་བུ་དང“གམ་པ་ལའི་སྙིང་སྟོབས”ཀྱི་བླ་སྲོག་རེད།

    1996ལོའི་དགུན་དུས་ཀྱི་ཉིན་ཞིག་ཀྲི་པུའུ་ཨུ་ཡོན་གྱི་ཚོགས་འདུའི་ཐོག་ཁྲིད་སྟོན་པ་དབྱང་ཅི་ཚའེ་ཡིས་དགུན་དུས་སྦྱོང་བརྡར་གྱི་འགན་ལེན་ལས་འགན་ལྕི་པོ་མེད་པའི་གོ་སྐབས་དང་བསྟུན་ནས་དམག་ཡོངས་ཀྱི་དཔོན་དམག་ཚོས་མཉམ་དུ་ལག་པ་འགུལ་ནས་ས་སྟོང་ཞིག་ཚལ་ཞིང་དུ་སྒྱུར་བཀོད་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།

    གྲོས་འགོ་དེར་ཀྲི་པུའུ་ཨུ་ཡོན་ཕལ་ཆེ་བའི་མོས་མཐུན་ཐོབ་ཡོད། འོན་ཀྱང་གཉེར་པ་ཀྲུའུ་ཀྲི་ཁྲེང་གིས་ངོ་རྒོལ་བསམ་འཆར་བཏོན་པ་སྟེ། ད་ཆ་ཟས་གྲོན་ཆེན་པོ་ཡིན་པས་ཞིང་ཞོར་ལས་རིགས་ཀྱི་ཐོན་སྐྱེད་ལ་བརྟེན་ནས་ཁ་གསབ་སྤྲོད་པའི་དགོས་པ་མེད་པ་མ་ཟད་ས་ཚིགས་སུ་དྲོད་ཁང་ཆེ་མོ་དང་ཚལ་ཞིང་ཡོད་པས་དཔོན་དམག་ཚོ་དཀའ་ལས་ཁག་པོ་མ་བཟོས་ན་ལེགས་ཞེས་པ་དེ་རེད།

    གཉེར་པ་ཀྲུའུ་ཀྲི་ཁྲེང་གི་བསམ་འཆར་དེ་ཐོག་ནས་དཔོན་དམག་ཁག་གཅིག་གི་དངོས་ཡོད་བསམ་བློ་མཚོན་ཡོད། ཕྱིས་སུ་གམ་པ་ལའི་ལུའེ་ཏ་ས་ཚིགས་སུ་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱུང་རུང་དཀའ་སྤྱད་འབད་འཐབ་མཐའ་འཁྱོངས་བྱེད་དགོས་མིན་གྱི་དགོས་པ་ཡོད་མེད་ཐད་ད་དུང་རྩོད་གཞི་ཐེངས་འགའ་བྱུང་མྱོང་ཡོད། དཔོན་དམག་ཚོའི་བསམ་བློའི་དོན་དངོས་ལ་གཞིགས་ནས་ས་ཚིགས་ཏང་ཀྲི་པུས“དཀའ་སྤྱད་འབད་འཐབ་དང་། གསར་འབྱེད་གསར་གཏོད། བྱས་རྗེས་འཇོག་ཐུབ་པ”བཅས་ཀྱི་བརྗོད་བྱ་གཙོ་བོར་དམིགས་ཏེ་དཀའ་སྤྱད་འབད་འཐབ་ཀྱི་སློབ་གསོ་གཏིང་ཟབ་དང་དཔོན་དམག་ཚོར་དཀའ་སྤྱད་དང་འབད་འཐབ་དབར་གྱི་འབྲེལ་བར་ངོས་འཛིན་ཡང་དག་བྱ་རྒྱུའི་སློབ་གསོ་གཏོང་བ་དང་དུས་མཚུངས་ཕྱིར་བསྐྱོད་པ་དང་ནང་དུ་གདན་འདྲེན་པའི་བྱ་ཐབས་སྤྱད་དེ་ཚང་མས་དཀའ་སྤྱད་འབད་འཐབ་ཀྱི་རིན་ཐང་ཞིབ་ཕྲ་རྟོགས་པར་བྱས་པས་དཔོན་དམག་ཚོར་དཀའ་སྤྱད་འབད་འཐབ་ཀྱི་ཁྱིམ་རབས་བརྒྱུད་སྤྲོད་ཀྱི་ནོར་བུ་དེར་ངོས་འཛིན་གསར་པ་བྱུང་བ་རེད།

    1998ལོར་ས་ཚིགས་སུ་དེ་སྔ་དཔོན་དམག་ཚོའི་རྒྱུན་སྤྱོད་ཀྱི་འཚོ་བའི་མཁོ་ཆས་ལ་བརྟག་དཔྱད་ཐེངས་གཅིག་བྱེད་མྱོང་ཡོད་པས་མཐར་དཔོན་དམག་ཚང་མར་ཤ་གསོས་དང་ཉི་འགོག་བྱུག་རྫས་ཡོད་པ་རེད། དཔོན་དམག་མང་པོ་ཞིག་གིས་བརྟག་དཔྱད་དང་ལེན་བྱེད་སྐབས“སྔོན་ཆད་མི་ཚོས་བོད་ཀྱི་དམག་མི་རྣམས་ཤ་མདོག་ནག་པོ་ཡོད་པ་མ་ཟད་གམ་པ་ལའི་ལུའེ་ཏ་ས་ཚིགས་ཀྱི་དཔོན་དམག་ཚོའི་ཤ་མདོག་དེ་བས་ནག་པོ་ཡོད་ཅེས་བརྗོད་པ་དེ་ང་ཚོས་བཅའ་སྲུང་བྱེད་པའི་གཡུལ་སའི་ས་བབ་མཐོ་ཁར་སྨུག་ཕྱིའི་འོད་ཟེར་ཤུགས་ཆེ་བས་མིན་ནམ། དོན་དངོས་ཐོག་ང་ཚོར་ཡང་མཛེས་སྡུག་དགོས་ཀྱི་ཡོད”ཅེས་བཤད་པ་རེད།

    དེས་ན་དཔོན་དམག་ཚོས་མཛེས་སྡུག་ལ་དོ་ཁུར་བྱེད་པའི་བྱ་བ་དེ་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རིང་གི་ནང་དོན་གསར་པ་ཞིག་ཏུ་གྱུར་ཡོད།

    ལོ་བཅུ་ཕྲག་རིང་གཡུལ་སའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད་ཀྱང་རང་བྱུང་ཁོར་ཡུག་ཞན་པོར་འགྱུར་ལྡོག་གང་ཡང་བྱུང་མེད། ས་ཚིགས་ཏང་ཀྲི་པུས་ཕྱོགས་གཅིག་ནས་དཔོན་དམག་ཚོར་རང་བྱུང་ཁོར་ཡུག་ཁྲོད་དཀའ་སྤྱད་འབད་འཐབ་བྱེད་དགོས་པའི་སློབ་གསོ་གཏོང་བ་དང་། གཅིག་ཤོས་ནས་དུས་སྐབས་གསར་པའི་དཔོན་དམག་གི་ལུགས་མཐུན་དགོས་མཁོར་གཞིགས་ཏེ་དཔོན་དམག་ཚོར་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་བཏོད་ཡོད་པ་རེད།

    འགན་འཁྲི་བློ་ལ་བརྟན་པོར་བཅངས་བ་སྟེ།

    བོད་ཀྱི་མངའ་ཁོངས་བར་སྣང་གི་བདེ་འཇགས་སྲུང་སྐྱོབ་བྱེད་པ།

    གམ་པ་ལའི་ལུའེ་ཏ་ས་ཚིགས་ཀྱིས་བར་སྣང་གི་ཉེན་ཟོན་དང་དམག་དམངས་འཕུར་སྐྱོད་ཐད་ཁྲིད་སྟོན་འགན་ལེན་གྱི་ལས་འགན་འཁུར་བཞིན་ཡོད།

    1965ལོའི་ཟླ་བཅུ་པར་ལུའེ་ཏ་ས་ཚིགས་བཙུགས་པ་ནས་བཟུང་ལུའེ་ཏ་ཡི་བརྟག་ཞིབ་བརྒྱུད་དམག་དོན་ལས་འགན་གལ་ཆེན་དང་། ཆེད་སྤྱོད་གནམ་གྲུ་དང་བོགས་བླངས་གནམ་གྲུ་འཕུར་སྐྱོད། དམངས་སྤྱོད་མཁའ་འགྲུལ་བཅས་ཀྱི་གནམ་གྲུ་འཕུར་ཐེངས་ཁྲི་50ཙམ་འགན་ལེན་བྱས་པ་དང་ལུའེ་ཏ་ཡི་གསང་འཕྲིན་གནད་ལ་འཁེལ་ཚད་99.9%ཡན་ཟིན་པས་སྔ་རྗེས་སུ་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གཉིས་པ་ཐེངས་2དང་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས་3ཐོབ་ཡོད།

    ཀྲུང་དབྱང་དམག་ཨུད་ཀྱིས“གམ་པ་ལའི་དཔའ་བོའི་ལུའེ་ཏ་ས་ཚིགས”ཀྱི་མིང་བཏགས་ནས་ལོ་ངོ་20འཁོར་ཚུན་གམ་པ་ལའི་དཔོན་དམག་མི་རབས་ཀྱིས་ལང་ཚོ་དང་། རྔུལ་ཆུ། སྤྲོ་སེམས། བློ་གྲོས་བཅས་ལ་བརྟེན་ནས་ས་བབ་མཐོ་ཚད་སྨི་5374ཟིན་པའི་ལུའེ་ཏ་གཡུལ་སར་བར་སྣང་ལ་དོགས་ཟོན་གྱིས་བོད་ཀྱི་མངའ་ཁོངས་བར་སྣང་གི་བདེ་འཇགས་སྲུང་སྐྱོབ་བྱས་ཡོད།

    འཐབ་འཛིང་པ་ཀྲང་ཅན་2011ལོའི་ཟླ་11པར་དམག་དཔུང་ནང་ཞུགས་པ་དང་གཡུལ་སར་སྡོད་བྱའི་ལས་འགན་ཟླ་དྲུག་འཁུར་མྱོང་ཡོད། གཡུལ་སར་འགྲོ་རིམ་བཞིན་ས་མཐོའི་ལ་དུག་ཆེན་པོ་ཕོག་གི་ཡོད། འོན་ཀྱང་ཁོང་གིས་རང་ཉིད་ཇི་ལྟར་བཟོད་དཀའ་རུང་འཐབ་འཛིང་པ་ཚོར་གལ་སྲིད་གམ་པ་ལའི་དཔོན་དམག་གིས་གཡུལ་སའི་སྡོད་བྱའི་ལས་འགན་འཁུར་མི་ཐུབ་ཚེ་ཇི་ཙམ་ཕུལ་དུ་བྱུང་ཡང་ཁྱི་ལ་སེང་གེའི་མིང་བཏགས་པ་ཞིག་རེད་ཅེས་ཤོད་ཀྱི་ཡོད།

    2014ལོའི་ཟླ་གསུམ་པར་ཁོང་གིས་གཡུལ་སའི་སྡོད་བྱའི་ལས་འགན་འཁུར་བར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཀྱང་ས་མཐོའི་ལ་དུག་ཆེན་པོ་དེས་གང་བཟས་པ་དེ་བསྐྱུགས་ནས་མཐར་ལུས་ཟུངས་ཉམས་ནས་སྐད་ཆའང་ཤོད་ཐབས་བྲལ། འོན་ཀྱང་ཁོང་གིས་ཨུ་ཚུགས་ཀྱིས་ལས་གནས་མཐའ་འཁྱོངས་བྱས།

    མཐའ་མཇུག་སློབ་སྟོན་པ་ལི་ཙའེ་ཧྭ་ཡི་བཀའ་རྒྱའི་འོག་ཁོང་གིས་གཞི་ནས་ལུའེ་ཏ་ས་ཚིགས་ནས་ཁ་བྲལ་ཏེ་བོད་དམག་ཁུལ་སྤྱི་ཁྱབ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་པ་དང་ནད་གཞི་དྲག་སྐྱེད་བྱུང་རྗེས་སླར་ཡང་གཡུལ་སར་བསྐྱོད་རྒྱུའི་རེ་བ་བཏོན་ཡང་ཀྲི་པུས་ཁས་བླངས་མེད།

    འཐབ་འཛིང་པའི་སྐད་ཆའི་ཐོག་ནས་བཤད་ན“གམ་པ་ལར་གལ་སྲིད་གཡུལ་སར་བསྐྱོད་མི་ཐུབ་ཚེ་གམ་པ་ལའི་དཔོན་དམག་ངོ་མ་ཞིག་བྱེད་པའི་ཐོབ་ཐང་མེད”ཅེས་པ་དེ་རེད།

    འགན་འཁྲི་ལས་སྤྲོ་སེམས་འཕེལ་བ་དང་འགན་འཁྲི་ལས་ལས་འགན་སྒྲུབ་སེམས་འབོད་སྐུལ་བྱས་ཡོད། ཀྲང་ཅན་དང་འདྲ་བར་གམ་པ་ལའི་དཔོན་དམག་ཚང་མས་གཡའ་དག་པའི་ནམ་མཁའ་སྲུང་བའི་རླབས་ཆེན་གྱི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་། འཚོ་ཐབས་དཀའ་བའི་ཁུལ་དུ་བརྟན་སྲུང་བྱེད་པ། གངས་འཁྱག་ཁྲོད་འབད་འཐབ་བཅས་བྱེད་ཀྱི་ཡོད།

    གམ་པ་ལའི་དཔོན་དམག་མི་རབས་གསར་པས་ཕྲག་ཐོག་གི་འགན་འཁྲི་དང་རྩ་འཛུགས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་དཀའ་སྤྱད་འབད་འཐབ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་ལྟེ་བའི་རིན་ཐང་གི“གམ་པ་ལའི་སྙིང་སྟོབས”རང་རྟོགས་ངང་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། འཐབ་ནུས་ཀྱི་གཞི་རྩའི་ཚད་གཞི་འབའ་ཞིག་དེ་མཐའ་འཁྱོངས་བྱེད་པ། ད་ཡོད་ཀྱི་གོ་མཚོན་དང་ཆ་རྐྱེན་ལ་གཞི་འཛུགས་པ་བཅས་ཀྱི་ཐོག་ནས་ལས་འགན་སྒྲུབ་ཀྱི་ཡོད།

    ལོ་ཤས་རིང་གམ་པ་ལའི་ལུའེ་ཏ་ས་ཚིགས་ཀྱི་དཔོན་དམག་སྔ་རྗེས་སུ་དམག་སྦྱོང་ནང་ཐེངས་མང་ཞུགས་པ་དང་དེ་བཞིན་ལུའེ་ཏ་ཡན་ལག་རུ་ཁག་བཙུགས་ནས་ནུབ་བྱང་གི་རྟེན་གཞི་ཞིག་ཏུ་བསྐྱོད་དེ་དམར་སྔོ་འགྲན་རྒོལ་གྱི་ནང་སྦྱོང་སོགས་ནང་ཞུགས་ནས་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཡོད།

    ལོ་གསུམ་རིང་ལུའེ་ཏ་ས་ཚིགས་སུ་བློ་མཐུན་གསུམ་བཀོལ་སྤྱོད་པན་ཀྲང་ཕུལ་བྱུང་ལ་བདམས་པ་མ་ཟད་གོ་མཚོན་གསར་པའི་ཆེད་ལས་ལག་རྩལ་རྐང་འཛིན་པ་8ཀྱང་གསོ་སྐྱོང་བྱས་ཡོད། གམ་པ་ལའི“ཆེད་ལས་ལག་རྩལ་རྩེར་སོན་གྱི་གསོ་སྐྱོང་རྟེན་གཞིའི”ནུས་པ་བཏོན་པ་བརྒྱུད་བོད་ཀྱི་མཁའ་ཟོན་བདེ་འཇགས་ཐད་ལེགས་སྐྱེས་ཧུར་ཐག་འབུལ་ཐུབ་པ་བྱུང་ཡོད།

    གསར་གཏོད་འཕེལ་རྒྱས་ཏེ།

    ཀོ་གྲུ་གྱེན་དུ་བཏང་ན་ཡང་། ཆུ་མོས་ཐུར་དུ་འཁྱེར་ནས་འགྲོ།

    ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་གམ་པ་ལའི་དཔོན་དམག་ཚོས“གམ་པ་ལ་དེ་ཉིད་དམག་མིའི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་རྟེན་གཞི་དང་། དཔོན་དམག་ཚོ་འཚར་ལོངས་ཡར་ཐོན་གྱི་ལག་ལེན་རྟེན་གཞི། འཐབ་རྩོད་ཀྱི་སྙིང་སྟོབས་འཕེལ་བ་བྱེད་པའི་སྦྱོང་བརྡར་རྟེན་གཞི། ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པའི་དཔེ་སྟོན་རྟེན་གཞི་བཅས་ལ་འགྱུར་བ་བྱེད་པའི”སྤྱིའི་བླང་བྱར་གཞིགས་ནས“གམ་པ་ལའི་སྙིང་སྟོབས”ཀྱི་དུས་རབས་ཀྱི་ནང་དོན་གསར་པ་ཟམ་མི་ཆད་པར་བསྣན་ཡོད།

    “གམ་པ་ལའི་སྙིང་སྟོབས”སྔར་བས་དར་སྤེལ་དང་རྒྱུན་འཛིན་ཡག་པོ་བྱ་ཆེད་2013ལོར་གམ་པ་ལའི་ས་ཚིགས་ཀྱི་དཔོན་དམག་ཚོས་རང་རྟོགས་ངང“གམ་པ་ལའི་ཐེབས་རྩ”བཙུགས་ནས་ས་ཚིགས་དེ་ཡོངས་ཀྱི་དཔོན་དམག་ཚོར་འཚོ་བ་ལེགས་པོ་སྐྱེལ་སྐབས་དཀའ་སྤྱད་འབད་བརྩོན་བྱེད་པའི་སྲོལ་རྒྱུན་བཟང་པོ་མི་བརྗེད་པ་བྱེད་དགོས་པའི་འབོད་སྐུལ་བྱས་པ་དང་རང་འགུལ་ངང“ཐ་མག་ཉུང་ཙམ་འཐེན་ནས་གཅེས་སེམས་མང་ཙམ་འབུལ་ཐུབ་པ”བྱས་ཏེ་ཞལ་འདེབས་དངུལ་དེ་དག་གམ་པ་ལར་ལེགས་སྐྱེས་འབུལ་མྱོང་བའི་གམ་པ་ལའི་དཔོན་དམག་རྒན་གྲས་ཚོར་སྤྱོད་པ་དང་རོགས་རམ་བྱེད་དགོས་རིགས་ཀྱི་དཔོན་དམག་ཚོར་རོགས་རམ་བྱ་རྒྱུའི་ཐད་སྤྱོད་ཀྱི་ཡོད།

    “གམ་པ་ལའི་ཐེབས་རྩ”བཙུགས་ཚུན་ཁྱོན་ཞལ་འདེབས་སྒོར་ཁྲི་1.6ལྷག་ཙམ་བརྒྱབ་ནས་2008ལོའི་འཁོར་ཞག་རིང་གྲོང་པའི་ཁྱིམ་གྱི་ཕྲུ་གུ་སྨན་ཁང་དུ་སྐྱེལ་རོགས་བྱེད་སྐབས་རླངས་འཁོར་གྱི་གོད་ཆག་བྱུང་ནས་བསམ་ཡུལ་ལས་འདས་པའི་ངང་གྲོངས་པའི་འཐབ་འཛིང་པ་ཀྲེན་ཡིའུ་སུང་གི་ཕྲུ་གུ་དྭ་ཕྲུག་ཏུ་གྱུར་པ་དང་དེ་བཞིན་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་བློ་མཐུན་ཏའེ་ཡུན་སུང་གཉིས་ལ་རོགས་རམ་བྱས་པ་རེད།

    སྨི་5374ཡོད་པའི་རི་རྩེར་ལྟ་སྐབས་དེ་ཉིད་རྔམ་བརྗིད་ལྡན་ལ་འགྱིང་ངེར་གནས་པའི་མཛད་རྗེས་རྡོ་རིང་ཞིག་དང་མཚུངས་། ལོ་བཅུ་གྲངས་ནང་གམ་པ་ལའི་དཔོན་དམག་མི་རབས་མང་པོས“གམ་པ་ལའི་སྙིང་སྟོབས”ཀྱི་འབོད་སྐུལ་འོག་ལང་ཚོ་དང་ཁྲག་དྲོན་ལེགས་སྐྱེས་སུ་ཕུལ་ཡོད་པ་དང“འཚོ་ཐབས་དཀའ་བའི་ཁུལ”དུ་ནམ་ཡང་མི་ནུབ་པའི་མཛད་རྗེས་རྡོ་རིང་ཞིག་བཙུགས་ཡོད་པ་རེད།

    (བདེ་སྐྱིད་སྒྲོལ་དཀར་དང་བདེ་སྐྱིད་ཀྱིས་སྒྱུར་ཞུས་བྱས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག