མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ལྷ་སར་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བ་དང་འབྲེལ་བོད་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁག་གཅིག་དང་བཞུགས་མོལ་ཡང་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-07-07 10:38

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ལྷ་སར་ཆོས་ཕྱོགས་ཀྱི་མཛད་སྒོ་རབ་དང་རིམ་པ་སྤེལ་བ་དང་འབྲེལ་ལྷ་སར་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁག་གཅིག་དང་བཞུགས་མོལ་ཡང་གནང་ཞིང་། བཞུགས་མོལ་ཚོགས་འདུ་གྲོལ་རྗེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་མཇལ་དར་འབུལ་རེས་དང་ཕན་ཚུན་འཚམས་འདྲི་ཞུས་གནང་བ་རེད།

    ཟླ་7ཚེས་2ཉིན་པཎ་ཆེན་རིན་པོ་ཆེས་ལྷ་ལྡན་གཙུག་ལག་ཁང་དུ་གནས་གཟིགས་སུ་ཕེབས་ནས་ལྷ་སར་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་འགོ་ཚུགས།

    ཆུ་ཚོད་ལྔ་པ་ཡོལ་ཙམ་ལ་ལྷ་ས་གྲོང་ཁྱེར་གྱི་ལྟེ་བར་ཆགས་པའི་ལྷ་ལྡན་གཙུག་ལག་ཁང་དུ་བསངས་དུད་ལང་ལོང་དུ་འཕྱུར་བ་དང་མཆོད་མེ་ཁྲ་ཆེམ་མེར་ཕུལ་ཞིང་། གྲྭ་དམངས་ཚོས་སྔ་ས་ནས་གཙུག་ལག་ཁང་གི་གཞུང་སྒོའི་བར་སེར་སྦྲེང་བསྒྲིགས་ནས་ཆོས་ལུགས་ཀྱི་མཛད་སྒོ་གཟབ་རྒྱས་ཀྱི་ཐོག་ནས་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུས།

    པཎ་ཆེན་རིན་པོ་ཆེ་དང་བཅས་པ་གཙུག་ལག་ཁང་དུ་ཕེབས་རྗེས་དུང་རྒྱ་གླིང་གི་སྒྲ་བསྒྲགས་ཤིང་། ཞལ་འདོན་གྱི་སྒྲ་དང་ཆབས་ཅིག་ལག་ཏུ་བདུག་སྤོས་འཁྱེར་བའི་སྐྱེས་ཆེན་དང་དེ་བཞིན་རྒྱ་གླིང་གཏོང་མཁན་དགེ་འདུན་པས་སྣེ་འདྲེན་ཞུས་ཐོག་པཎ་ཆེན་རིན་པོ་ཆེ་གཙུག་ལག་ཁང་གི་དཀྱིལ་འཁོར་མཐིལ་དུ་ཕེབས་ཏེ་དགའ་ལྡན་ལྷ་ཁང་སོགས་སུ་གནས་གཟིགས་གནང་བ་དང་ལྷ་ཁང་ཁག་ཏུ་ཕེབས་རིམ་བཞིན་པཎ་ཆེན་རིན་པོ་ཆེས་གསོལ་བ་སྨོན་ལམ་འདེབས་པ་དང་འབྲེལ་ལྷ་སྐུར་སྙན་ཤལ་ཡང་ཕུལ། དེ་རྗེས་པཎ་ཆེན་རིན་པོ་ཆེ་ཇོ་བོའི་སྐུ་མདུན་དུ་ཕེབས་ཏེ་ཐལ་མོ་སྦྱར་ནས་ཇོ་བོར་མཇལ་ཁ་ཞུས་པ་དང་འབྲེལ་ཞལ་འདོན་གནང་ནས་རྒྱལ་སྲིད་དར་ཞིང་འགྲོ་ཀུན་བདེ་བའི་གསོལ་བ་སྨོན་ལམ་བསྐྱོན། སྐབས་དེར་ཚོམས་ཆེན་ནང་དུ་བཞུགས་པའི་དགེ་འདུན་པ་བརྒྱ་ཙམ་གྱིས་ཞལ་འདོན་དང་གསོལ་བ་སྨོན་ལམ་བཏབ།

    1995ལོའི་ཟླ་11ཚེས་29ཉིན་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་ནན་པོར་གཞིགས་ཏེ་གཙུག་ལག་ཁང་གི་ཇོ་བོའི་སྐུ་མདུན་དུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཀྱི“གསེར་འབུམ་དཀྲུག་འདོན”གྱི་མཛད་སྒོ་འཚོགས་པ་དང་བོད་ལྗོངས་ལྷ་རི་རྫོང་དུ་འཁྲུངས་པའི་རྒྱལ་མཚན་ནོར་བུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་བ་དང་འབྲེལ་ཀྲུང་དབྱང་སྲིད་གཞུང་ལ་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པའི་ཐུགས་འགན་བཞེས་པའི་ཆོག་མཆན་གནང་རྒྱུའི་སྙན་སེང་ཡང་ཞུས།

    ནང་བསྟན་ལ་འབད་བརྩོན་ལྷོད་མེད་གནང་བ་དང་སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་བ་དང་དེ་བཞིན་ནང་བསྟན་གྱི་ཆོས་ཀྱི་སྙིང་པོའི་མཁྱེན་རྒྱ་ཆེ་རུ་སོང་བས་པཎ་ཆེན་རིན་པོ་ཆེ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་སེར་སྐྱ་མང་ཚོགས་ཚོའི་གུས་བཀུར་ཟབ་མོ་ཐོབ་པའི་བླ་སྤྲུལ་ཆེན་པོ་ཞིག་ཏུ་གྱུར་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་དད་གུས་ཆེན་པོ་ཞུ་གི་ཡོད།

    ཚེས་3ཉིན་གྱི་ཐོ་རེངས་པཎ་ཆེན་རིན་པོ་ཆེ་དང་བཅས་པས་ལྷ་སའི་གདན་ས་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན་པའི་སེ་ར་ཐེག་ཆེན་གླིང་དུ་གནས་གཟིགས་སུ་ཕེབས་པ་དེ་ནི་ཁོང་སེ་ར་དགོན་དུ་གནས་གཟིགས་གནང་ཐེངས་དང་པོ་རེད།

    པཎ་ཆེན་རིན་པོ་ཆེ་སེ་ར་དགོན་དུ་ཕེབས་རྗེས་གྲྭ་དམངས་སེར་སྦྲེང་རུ་ཁག་གི་ཕེབས་བསུའི་འོག་བྱེས་གྲྭ་ཚང་དུ་ཕེབས་པ་དང་དེ་རྗེས་སྲིད་གསུམ་ལྷ་ཁང་དང་། རྟ་མགྲིན་ལྷ་ཁང་། ཇོ་ཁང་། རྒྱལ་བ་ཙོང་ཁ་པའི་ལྷ་ཁང་། འཇམ་དབྱངས་ལྷ་ཁང་བཅས་ལ་རིམ་པས་གནས་གཟིགས་དང་འབྲེལ་ལྷ་སྐུ་མང་པོར་སྙན་ཤལ་ཕུལ་བ་དང་དབུ་ཐུག་ཞུས།

    གནས་གཟིགས་མཛད་སྒོ་མཇུག་འགྲིལ་རྗེས་པཎ་ཆེན་རིན་པོ་ཆེས་ཚོགས་ཆེན་ནས་ཕྱིར་ཕེབས་གནང་། སེ་ར་དགོན་དུ་གནས་མཇལ་དུ་འོང་བའི་དད་ལྡན་མང་ཚོགས་ཚོས་རིན་པོ་ཆེ་ཕེབས་པ་ཤེས་སྐབས་དགོན་སྡེའི་ལམ་བུ་གཙོ་བོའི་གཞོགས་གཅིག་ཏུ་དགའ་སྤྲོའི་ངང་གྲལ་སྟར་རིང་པོ་བསྒྲིགས་ནས་རིན་པོ་ཆེས་སོ་སོར་ཕྱག་དབང་གནང་རྒྱུ་སྒུག མི་ཚོགས་ཁྲོད་དུ་རྒན་རྒོན་ཡོད་ལ་ན་གཞོན་ཡང་ཡོད་ཅིང་། ཁོང་ཚོས་ལག་ཏུ་ཕྲེང་བ་ཐོགས་པ་དང་ཐལ་མོ་སྦྱར་ཏེ་ཁ་བཏགས་དང་མེ་ཏོག་འཁྱེར་ནས་ཆེས་ལྷག་བསམ་ཟོལ་མེད་ཀྱི་རྣམ་པའི་ཐོག་ནས་རིན་པོ་ཆེར་གུས་བཀུར་ཞུ་ལུགས་མཚོན་པ་བྱས།

    པཎ་ཆེན་རིན་པོ་ཆེས་འཛུམ་དམུལ་དམུལ་དང་ཐུགས་བརྩེ་ཆེན་པོས་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་།

    ལོ་60ལས་བརྒལ་བའི་རྒད་པོ་ཚེ་བརྟན་གྱིས་རིན་པོ་ཆེའི་ཕྱག་དབང་ཐོབ་རྗེས་འཛུམ་མདངས་འཕྱུར་བཞིན་དུ“ངས་རིན་པོ་ཆེ་དངོས་སུ་མཇལ་ཐེངས་དང་པོ་ཡིན། རིན་པོ་ཆེའི་ཐུགས་སྨོན་དངོས་སུ་ཐོབ་ནས་ངའི་བསམ་འདུན་ཡང་གྲུབ་སོང་། དེ་ནི་ངའི་ཚེ་འདིའི་བསོད་ནམས་རེད”ཅེས་བཤད།

    ཚེས་4ཉིན་གྱི་སྔ་དྲོ་པཎ་ཆེན་རིན་པོ་ཆེས་ལྷ་སར་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁག་གཅིག་དང་བཞུགས་མོལ་གནང་ནས་རང་འཁྲི་རང་འགན་སྐོར་གླེང་ཞིང་། པཎ་ཆེན་རིན་པོ་ཆེས་བཞུགས་མོལ་ཚོགས་འདུའི་ཐོག“སྲིད་གྲོས་ཨུ་ཡོན་ཡིན་པའི་ངོས་ནས་བརྗོད་ན།

    ང་ཚོས་ཐུན་མོང་ཐོག་ལག་གདང་སྦྲེལ་བ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་སློབ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་དོན་དངོས་དང་མང་ཚོགས་ཀྱི་ཁྲོད་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད་ནས་བློ་གྲོས་ལྡན་པའི་ཐབས་དང་དངོས་སྒྲུབ་ཀྱི་ཇུས་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་དགོས་མཁོ་དང་བོད་མི་དམངས་ཀྱི་ཁེ་ཕན་དང་འཚམས་པའི་བསམ་འཆར་དང་གྲོས་འགོ་མང་ཙམ་བཏོན་ནས་རྒྱལ་ཁབ་དང་མི་དམངས་ལ་བདེ་བ་བསྐྲུན་དགོས”ཞེས་གསུངས།

    ཟླ་7ཚེས་1ཉིན་པཎ་ཆེན་རིན་པོ་ཆེ་ལྷ་སར་ཕེབས་འབྱོར་ཟིན་པ་དང་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་གྱིས་ལྷ་སར་ཡོད་པའི་པཎ་ཆེན་རིན་པོ་ཆེའི་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་མཛའ་བརྩེའི་ངང་ཕེབས་བསུ་ཞུས་པ་དང་། ཟླ་7ཚེས་2ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་མཛའ་བརྩེའི་ངང་པཎ་ཆེན་རིན་པོ་ཆེ་དང་མཇལ་འཛོམས་གནང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་པད་མ་འཕྲིན་ལས་སོགས་འགོ་ཁྲིད་བློ་མཐུན་གྱིས་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་པཎ་ཆེན་རིན་པོ་ཆེར་མཛའ་བརྩེའི་ངང་གཟིགས་པར་ཕེབས་པ་རེད།

    (ཀུན་ལྡན་དབང་པོ་དང་རིག་རྡོར་གྱིས་སྒྱུར་ཞུས་བྱས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག