ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “བོད་ཀྱི་བྲིས་རྒྱུན་ཁག་གི་ཐང་ག་རྩེར་སོན་དང་། གླིང་སྒྲུང་། ལྷ་མོ་སོགས་མངོན་མིན་རིག་གནས་ཤུལ་བཞག་མང་པོ་ཞིག་གི་སྨྱན་སྦྱོར་དཔྱད་གཞི་ཆ་ཚང་ཞིག་འཆར་གཞི་ལྟར་གྲངས་གཞིའི་མཛོད་དུ་ཕབ་འཇུག་བྱས་པ་དང་འབྲེལ། སྤྱི་དམངས་ལ་འགྲོ་གྲོན་མི་དགོས་པར་སྒོ་མོ་ཕྱེ་ནས་ཐོན་ཁུངས་མཉམ་སྤྱོད་བྱ་རྒྱུ་ཡིན”ཞེས་བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ཀྱི་འགན་འཁུར་བ་ངག་དབང་བསྟན་འཛིན་གྱིས་གསར་འགོད་པར་བཤད།
ངག་དབང་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཆབ་མདོའི་སྒོར་གཞས་དང་། སྨར་ཁམས་ཀྱི་པི་ཝང་། སྟེང་ཆེན་གྱི་རས་པ། བྱམས་པ་གླིང་དགོན་པའི་མར་ཚོན་མཆོད་པའི་བཟོ་རྩལ་བཅས་མིག་སྔར“ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲངས་འཛིན་ཅན་གྱི་སྲུང་སྐྱོབ་འདུ་འགོད”ནང་དུ་བཅུག་ཡོད། ས་གནས་དེ་གའི་རིག་གནས་སྡེ་ཚན་གྱིས་མངོན་མིན་རིག་གནས་ཤུལ་བཞག་གི་གྲངས་འཛིན་ཅན་གྱི་སྲུང་སྐྱོབ་མཉེན་ཆས་སོགས་སྒྲིག་སྦྱོར་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་དེ་དག་གི་ཡི་གེ་དང་། པར་རིས། སྒྲ་བརྙན་བརྙན་ཕབ། ཆ་ཚད་གསུམ་གྱི་འགུལ་རིས་སོགས་ཀྱི་དཔྱད་གཞིའི་ཡིག་ཆ་བསྡུ་བཀོད་བྱས་ཏེ་ཕྱོགས་ཡོངས་ནས་དེའི“གཞི་རྒྱུའི་རྣམ་པའི”ཆ་འཕྲིན་མཁོ་འདོན་བྱས་ཡོད།
གཞན་ཡང་2006ལོ་ནས་བཟུང་། བོད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ཡོངས་བཤེར་ལས་དོན་སྤེལ་འགོ་བཙུགས་ཚུན་མིག་སྔའི་བར་རྩོམ་ཡིག་གྲངས་ཁྲི་10དང་། སྒྲ་ཕབ་སྤྱིན་ཤོག་གམ་བརྙན་ཕབ་སྤྱིན་ཤོག་ངོ་གྲངས་2000 པར་རིས་གྲངས་ཁྲི་4.5བཅས་འཚོལ་བསྡུ་བྱས་པ་དེ་དག་སྲོལ་རྒྱུན་རོལ་དབྱངས་དང་། སྲོལ་རྒྱུན་ཞབས་བྲོ། དམངས་སྲོལ་གོམས་གཤིས་སོགས་རིགས་ཆེན་པོ་བཅུ་ལ་ཁྱབ་ཡོད། དེ་དང་ཆབས་ཅིག《བོད་ཀྱི་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད》དང《བོད་ཀྱི་ཞབས་བྲོའི་སྒྱུ་རྩལ》གྱི་གྲངས་འཛིན་ཅན་འཛུགས་སྐྲུན་ལས་དོན་ལེགས་པར་བསྒྲུབས་པ་དེས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་གྲངས་འཛིན་ཅན་སྲུང་སྐྱོབ་ལ་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་པ་རེད།