ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས་3ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཝུའུ་དབྱིང་ཅེས་ལྷ་སར་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བརྙན་འཕྲིན་ཚོགས་འདུ་གཙོ་སྐྱོང་གནང་ནས་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་གལ་ཆེའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཉེ་དུས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལེགས་པར་བསྒྲུབ་རྒྱུའི་ཐད་སླར་ཡང་ནན་བཤད་དང་བཀོད་སྒྲིག་གནང་བ་རེད།
ཝུའུ་དབྱིང་ཅེས་ཉེ་ཆར་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་འཆར་འགོད་ནུས་ལྡན་འོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་གཏིང་ཟབ་ཏུ་དང་། ཞིབ་ཕྲ། ཤུགས་སྣོན་བཅས་བརྒྱབ་ནས་ནུས་ཤུགས་ཡོད་རྒུས་འཇིགས་རྒོལ་གཏུམ་འགོག་གི་ལས་དོན་ལེགས་པར་བསྒྲུབས་པ་དང་། སྤྱི་པའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་ནུས་ལྡན་བརྒྱབ་པ། ལྗོངས་ཡོངས་ཚན་རིག་དང་མཐུན་པའི་ངང་གོང་འཕེལ་བརྟན་པོ་ཡོང་བ་བཅས་བྱས་པས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། གྲུབ་འབྲས་དེ་འདྲ་ཐོབ་པའི་ནང་བརྟན་ལྷིང་སྲུང་སྐྱོང་འཐབ་ཕྱོགས་དང་པོའི་བློ་མཐུན་ཚོས་དཀའ་ཚེགས་ཆེན་པོས་འབད་བརྩོན་བྱས་པ་འདུས་ཡོད་ལ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་བསམ་ཤེས་དང་རྒྱབ་སྐྱོར་ཡང་འདུས་ཡོད་ཅེས་གསུངས་པ་དང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་ལྷག་དོན་དུ་དཀའ་ཚེགས་ཆེ་ལ་ཐག་རིང་གི་རྫོང་དང་ཤང་དང་། དགོན་སྡེ། བརྟན་ལྷིང་སྲུང་སྐྱོང་ལས་སྒྲུབ་ཀྱི་འཐབ་ཕྱོགས་དང་པོ་བཅས་སུ་ལས་གནས་བརྟན་སྲུང་བྱེད་མཁན་དཔོན་དམག་དང་། ལས་བྱེད་ཉེན་རྟོག ལས་བྱེད་ལས་བཟོ་བཅས་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་རེད།
ཝུའུ་དབྱིང་ཅེས་མིག་སྔར་ས་ཁོངས་ཕྱི་རོལ་བརྟན་ལྷིང་མེད་པའི་གནས་ཚུལ་གྱི་ཤུགས་རྐྱེན་ཕོག་པའི་དབང་གིས་དུས་བབ་གསར་པའི་འོག་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས་ཐད་ཉེན་ཁ་དང་འགྲན་སློང་མང་དུ་ཕྱིན་ཡོད།