མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་རུལ་སོང་ངོ་རྒོལ་སྒྲིག་གཞི་ཆ་ཚང་བཏང་ནས་རུལ་སོང་དག་སེལ་ནན་མོ་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-07-05 11:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། བོད་ལྗོངས་ཀྱིས་ལྗོངས་ཏང་ཨུ་རུལ་སོང་ངོ་རྒོལ་ལས་དོན་མཐུན་སྒྲིག་ཚོ་ཆུང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ། རུལ་སོང་ངོ་རྒོལ་ཚོགས་པའི་མཐུན་སྒྲིག་ལས་དོན་ཐད་ལ་ཆེད་དུ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཐེངས་འདིའི་གྲོས་ཚོགས་ཀྱིས་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཏང་ཨུ་རུལ་སོང་ངོ་རྒོལ་ལས་དོན་མཐུན་སྒྲིག་ཚོ་ཆུང་གི་ལས་དོན་སྒྲིག་ཁྲིམས་དང་། སྒྲིག་ཁྲིམས་ཨུ་ལྷན་གྱིས་ཏང་ཨུ་རྩ་འཛུགས་ལ་རོགས་བྱས་ཏེ་རུལ་སོང་ངོ་རྒོལ་ལས་དོན་མཐུན་སྒྲིག་ལག་བསྟར་བྱེད་པའི་ཐབས་ལམ། རང་སྐྱོང་ལྗོངས་ཏང་ཨུའི་རུལ་སོང་ངོ་རྒོལ་ལས་དོན་མཐུན་སྒྲིག་ཚོ་ཆུང་གི་ཉིས་སྟོང་བཅུ་བཞི་ལོའི་ལས་དོན་གཙོ་བོ་བཅས་ཀྱི་སྐོར་ལ་ཞིབ་འཇུག་བགྲོ་གླེང་དང་རྩ་བའི་ཆ་ནས་ཆོག་མཆན་གནང་བ་རེད།

སྔོན་ཆད། བོད་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དབུ་ཁྲིད་ཚོ་ཆུང་དང་རུལ་སོང་ངོ་རྒོལ་མཐུན་སྒྲིག་དབུ་ཁྲིད་ཚོ་ཆུང་མཉམ་གཅིག་ཏུ་བཙུགས་ཡོད། ལས་དོན་གཉེར་བའི་གནས་ཚུལ་ལ་བལྟས་ན། དེ་འདྲའི་དབུ་ཁྲིད་ལམ་ལུགས་འོག་ཏུ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འོས་འགན་ལམ་ལུགས་ལག་བསྟར་སྐོར་གཙོར་འཛིན་པ་ལས། རུལ་སོང་ངོ་རྒོལ་བྱེད་ནུས་རྩ་འཛུགས་དང་མཐུན་སྒྲིག་བྱས་པ་མངོན་གསལ་མིན།

སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་གཏན་ཁེལ་བྱ་རྒྱུར། རུལ་སོང་ངོ་རྒོལ་དབུ་ཁྲིད་སྒྲིག་གཞི་དང་ལས་དོན་ལམ་ལུགས་ཆ་ཚང་བཏང་ནས། རུལ་སོང་ངོ་རྒོལ་མཐུན་སྒྲིག་ཚོ་ཆུང་གི་བྱེད་ནུས་བཅོས་བསྒྱུར་དང་ཆ་ཚང་གཏོང་དགོས། དེའི་ཐད་ནས། བཅོས་བསྒྱུར་སྐུལ་འདེད་དང་ལས་དོན་ཇེ་དྲག་གཏོང་བའི་ཆེད་དུ། བོད་ལྗོངས་ཀྱིས་སྡེ་ཁག་ཆ་ཚང་དང་། རེ་རེ་བཞིན་ལྗོངས་ཏང་ཨུས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འོས་འགན་ལམ་ལུགས་དབུ་ཁྲིད་ཚོ་ཆུང་དང་། ཏང་ཨུ་རུལ་སོང་ངོ་རྒོལ་མཐུན་སྒྲིག་ཚོ་ཆུང་འཛུགས་རྒྱུ་གཏན་ཁེལ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། རུལ་སོང་ངོ་རྒོལ་ཚོ་ཆུང་ནི་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྩ་འཛུགས་པུའུ། སྲིད་ཁྲིམས་ཨུ་ལྷན། ཁྲིམས་ཁང་། སྤྱི་བདེ་ཅུས། ཁྲིམས་འཛིན། ཞིབ་བཤེར་བསྡོམས་རྩིས་སོགས་སྡེ་ཁག་དང་ལས་ཁུངས་ཀྱིས་གྲུབ་ཡོད། དམིགས་ཡུལ་གཙོ་བོ་ནི་རུལ་སོང་གྱོད་གཞི་ཞིབ་བཤེར་ཐད་ལ་དབུ་ཁྲིད་ཇེ་དྲག་གཏོང་བ་དང་། སྒྲིག་ཁྲིམས་ལག་བསྟར་སྡེ་ཁག་གིས་གྱོད་གཞི་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཕན་ཚུན་མཐུན་སྒྲིག་ཇེ་དྲག་བཏང་སྟེ། རུལ་སོང་ངོ་རྒོལ་ལས་དོན་གྱི་གཅིག་མཐུན་ནུས་ཤུགས་འཛུགས་པའི་ཆེད་ཡིན་པ་རེད།

ཉིས་སྟོང་བཅུ་བཞི་ལོར་རུལ་སོང་ངོ་རྒོལ་མཐུན་སྒྲིག་ཚོ་ཆུང་གིས་སྔར་ལས་ལྷག་པར་རུལ་སོང་མཐུན་སྒྲིག་ལམ་ལུགས་ཆ་ཚང་བཏང་། གྱོད་གཞི་ཞིབ་བཤེར་དང་སྒྲིག་དཔང་སྐྱེལ་སྤྲོད་ལམ་ལུགས་ཆ་ཚང་བཏང་སྟེ། རུལ་སོང་མཐུན་སྒྲིག་ལས་དོན་འགན་ལེན་བྱེད་ཐབས་ལག་བསྟར་བྱས།

བོད་རང་སྐྱོང་ལྗོངས་ཏང་ཨུ་རྒྱུན་ཨུ། སྒྲིག་ཁྲིམས་ཨུ་ལྷན་ཧྲུའུ་ཅི། ལྗོངས་ཏང་ཨུ་རུལ་སོང་ངོ་རྒོལ་ལས་དོན་མཐུན་སྒྲིག་ཚོ་ཆུང་གི་གཙོ་འཛིན་ཝང་ཡུང་ཅིན་གྱིས། བོད་ལྗོངས་ཀྱི་ཏང་ཨུ་རིམ་པ་སོ་སོས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སོང་ངོ་རྒོལ་གྱི་སྙོག་འཛིང་རང་བཞིན་དངོས་འཛིན་བྱེད་པ་དང་། ཀྲུང་དབྱང་དང་ལྗོངས་ཏང་ཨུ་ཡིས་རུལ་སོང་ངོ་རྒོལ་ལས་དོན་ཐད་གྲོས་ཆོད་བཀོད་སྒྲིག་ཐད་བསམ་བློ་གཅིག་མཐུན་ཡོང་བ་བྱེད་དགོས། རུལ་སོང་ཡོད་ཚེ་ངེས་པར་དུ་རྒོལ་བ་དང་། རུལ་སོང་གྱོད་གཞི་ཞིབ་བཤེར་ནུས་ཤུགས་ཇེ་ཆེར་བཏང་ནས། རྒྱུན་ཆད་མེད་པར་བོད་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སོང་ངོ་རྒོལ་འཐབ་རྩོད་གཏིང་ཇེ་ཟབ་ཏུ་གཏོང་དགོས་པའི་བླང་བྱ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག