ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱི་སྔོན་བརྡ་གསར་ཤོས་ཐོག་ནས་མངོན་པར་གཞིགས་ན། རང་ལྗོངས་ཀྱི་ཞིང་ཁུལ་གཙོ་བོར་གཟའ་འཁོར་འདིའི་ནང་ཆར་པ་རྒྱུན་མཐུད་འབབ་རྒྱུ་ཡིན་ཞིང་། ཡར་ཀླུང་གཙང་པོའི་རྒྱུད་ཀྱི་ཞིང་ཁུལ་ཚང་མར་ཚད་གཞི་མི་འདྲ་བའི་ཆར་པ་འབབ་རྒྱུ་ཡིན་པས་ལོ་ཏོག་སྐྱེ་འཚར་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད།
རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱི་སྔོན་བརྡའི་དཔྱད་གཞིའི་ཐོག་ནས་མངོན་པར་གཞིགས་ན། སྤྱི་ཟླ7པའི་ཚེས2ནས6ཉིན་བར་ཆབ་མདོ་དང་ལྷོ་ཁ་སོགས་ཚུད་པའི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་ཆར་པ་ཆུང་བ་ནས་འབྲིང་བ་བར་འབབ་རྒྱུ་དང་། ས་ཆ་ཆ་ཤས་ལ་འབྲུག་ཆར་འབབ་རྒྱུ་རེད། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱི་རིགས་གཅིག་མཁས་ཅན་གྱིས་ཆར་པ་རྒྱུན་མཐུད་འབབ་རྒྱུ་ཡིན་པ་དེས་ལོ་ཏོག་སྐྱེ་འཚར་ལ་ཕན་ཐོགས་ཡོད་པས། ཞིང་ལས་དང་འབྲེལ་བའི་ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་དགོས་པ་དང༌། ཤར་རྒྱུད་དང་བྱང་རྒྱུད་དུ་ཆར་པ་ཡང་ཡང་འབབ་རྒྱུ་ཡིན་པས་རི་རུད་སོགས་ཀྱི་ས་གཤིས་གནོད་འཚེ་སྔོན་འགོག་བྱེད་དགོས་པ་མ་ཟད། ཐོག་དང་སེར་བ་སོགས་འགོག་པའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་དྲན་སྐུལ་གནང་ཡོད་པ་རེད། །