ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2014ལོར་ཆབ་མདོ་ས་ཁུལ་གྱིས་གློག་མེད་པའི་ས་ཁུལ་དུ་གློག་ཤུགས་འཛུགས་སྐྲུན་རྣམ་གྲངས12བསྐྲུན་རྩིས་ཡོད་པ་དེ་གཙོ་བོ་སྟེང་ཆེན་གྱི་སྤ་སྟེང་དང་། རི་བོ་ཆེའི་གངས་གཟེ། དཔལ་འབར་རྫོང་དཔལ་འབར་གྲོང་རྡལ། དཔའ་ཤོད་རྫོང་ཝ་འབེབས། སྨར་ཁམས་རྫོང་འབྱོར་པ། ལྷོ་རོང་རྫོང་ཤིང་རོང་གློག་འདོན་ས་ཚིགས་སོགས་ཆུ་ཤུགས་གློག་ཁང8འཛུགས་སྐྲུན་དང་གློག་ཁང་གི་གློག་སྐུད་སྣུར་སྲིང་ལས་གྲྭ16དང་དེ་བཞིན་སྟེང་ཆེན་གྱི་ཁྱབ་ཆུང་དྲ་རྒྱའི་ལས་གྲྭར་བསྡོམས་མ་དངུལ་སྒོར་དུང་ཕྱུར14.23གཏོང་རྒྱུ་མ་ཟད། མ་དངུལ་སྒོར་དུང་ཕྱུར5.96བཏང་ནས་མི་གྲངས་ཁྲི8ཀྱི་གློག་བེད་སྤྱོད་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་པ་བྱ་རྒྱུ་རེད།
སྤྱི་ཟླ3པའི་ཚེས31ཉིན་བར་ཆབ་མདོ་ས་ཁུལ་དུ་སྔར་ཡོད་དང་སྐྲུན་བཞིན་པའི་ཆུ་ཤུགས་གློག་ཁང99ཡོད་པ་ལས་གློག་གཏོང་ཚད་ཝ་སྟོང་ཚན་ཁྲི12.48ཟིན་པ་དང་། ཉི་ནུས་གློག་ཁང89ཡོད་པ་ལས་གློག་གཏོང་ཚད་ཝ་སྟོང་ཚན1780ཟིན་ཏེ་མི་གྲངས་ཁྲི39.49ཡི་གློག་གི་གནད་དོན་ཐག་གཅོད་ཐུབ་ཡོད། ཤང་གྲོང་དུ་གློག་གཏོང་ཚད79% ཟིན་པ་དང་སྲིད་འཛིན་གྲོང་ཚོར་གློག་གཏོང་ཚད59%ཟིན་ནས་ཞིང་འབྲོག་ཁུལ་གྱི་མི་འབོར57.3%ལ་གློག་ཁྱབ་ཐུབ་པ་བྱུང་ཡོད་པ་རེད། །