མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ཉུང་དུ་ཕྱིན་ནས་རིན་གོང་སླར་ཡང་འཕར་བ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-06-18 10:56

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།བོད་ཀྱི་དབྱར་རྩྭ་དགུན་འབུ་སྔོག་འཐུའི་དུས་ཚིགས་ཟླ་བ་ལྔ་པ་ནས་འགོ་ཚུགས་པ་དང་མིག་སྔར་མཇུག་འགྲིལ་མཚམས་སུ་སླེབས་ཡོད།གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།དབྱར་རྩྭ་དགུན་འབུའི་ཐོན་ཚད་ཉུང་དུ་ཕྱིན་ཡོད་པས།དབྱར་རྩྭ་དགུན་འབུའི་རིན་གོང་ཆེས་ཆེར་འཕར་བའི་སྣང་ཚུལ་ཐོན་ཡོད།ཟླ་བ་དྲུག་པའི་ཉིན་བཅུ་ལྷག་ཙམ་ཁོ་ནར་རིན་གོང་འཕར་ཚད་10%ཟིན་ཡོད་པ་རེད།ལས་རིགས་ནང་ཁུལ་གྱིས་སྔོན་དཔག་བྱས་པར་གཞིགས་ན།དབྱར་རྩྭ་དགུན་འབུའི་རིན་གོང་ད་དུང་འཕར་སྲིད་ཀྱི་རེད།

    བོད་རང་སྐྱོང་ལྗོངས་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཀྲའོ་ཅན་ཕིང་གིས་དབྱར་རྩྭ་དགུན་འབུའི་ཐོན་ཚད་ལོ་གཅིག་མང་བ་དང་ལོ་གཅིག་ཉུང་བའི་ཆོས་ཉིད་ལྟར་ན།འདི་ལོ་དབྱར་རྩྭ་དགུན་འབུའི་ཐོན་ཚད་སྤྱི་ཡོངས་ཆག་ནས་ནག་ཆུའི་ས་ཆ་ཁག་གཅིག་ལ་ཐོན་ཚད་50%བར་ཆག་པ་དང་ཆབ་མདོའི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ཀྱང་ཕྲན་ཙམ་ཆག་ཡོད།“དབྱར་རྩྭ་དགུན་འབུའི་ཐོན་ཚད་ཆག་པའི་ཞིབ་ཕྲའི་ཆག་ཚད་སྔོག་འཐུའི་དུས་ཚོད་མཇུག་འགྲིལ་རྗེས་གཞི་ནས་གཏན་འཁེལ་བྱས་ཆོག་མོད།འོན་ཀྱང་ཐོན་ཚད་ཆག་པའི་དབང་གིས་རིན་གོང་འཕར་ངེས་ཡིན་པ་གཏན་འཁེལ་རེད”ཅེས་བརྗོད་པ་རེད།

    “འདི་ལོ་དབྱར་རྩྭ་དགུན་འབུའི་ཐོན་ཚད་ན་ནིང་ལས་ཞན་པ་ཡོད་པ་དང་མལ་གྲོ་གུང་དཀར་རྫོང་ཁོ་ནའི་ཐོན་ཚད་ན་ནིང་ལས་60%ཆག་ཡོད་པས་དབྱར་རྩྭ་དགུན་འབུ་རྐང་རེར་རིན་གོང་སྒོར་10ནས་སྒོར་30བར་འཕར་ཡོད།ཁྲོམ་རའི་རིན་གོང་ཡང་དེ་མཚུངས་ངང་འཕར་ཡོད”ཅེས་དབྱར་རྩྭ་དགུན་འབུ་ལོ་བཅུ་ཕྲག་ཉོ་ཚོང་བྱེད་མྱོང་བའི་དཀོན་མཆོག་བཀྲ་ཤིས་ཀྱིས་བརྗོད་པ་རེད།

    ཡུན་རིང་དབྱར་རྩྭ་དགུན་འབུའི་ཚོང་གཉེར་བྱེད་སའི་གཙང་ཧྲན་ཐང་གི་སྤྱི་ཁྱབ་ཅིང་ལི་ཏོའུ་ལན་ཆིང་གིས་དབྱར་རྩྭ་དགུན་འབུའི་ཐོན་ཚད་ཉུང་དུ་ཕྱིན་པའི་དབང་གིས་ད་ཆ་རིན་གོང་འཕར་ཚད་ཆེ་ཙམ་ཡོད་པ་མ་ཟད།མཚོ་སྔོན་སོགས་ས་ཁུལ་གྱི་དབྱར་རྩྭ་དགུན་འབུའི་རིལ་བུ་བཟོ་མཁན་ཁེ་ལས་ཀྱིས་ཐོན་ཁུལ་གཙོ་བོར་ཉོ་སྒྲུབ་འབོར་ཆེན་བྱས་པས་དབྱར་རྩྭ་དགུན་འབུའི་རིན་གོང་ལ་ཤུགས་རྐྱེན་ཐེབས་ཡོད།“སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་ནས་ད་བར་དབྱར་རྩྭ་དགུན་འབུའི་རིན་གོང་ཡོངས་ཁྱབ་ངང་འཕར་ཚད་10%ཡན་ཟིན་པ་དང་ཁྲོམ་རའི་ཐོག་དབྱར་རྩྭ་དགུན་འབུ་ཧ་ལམ་རྫོགས་ཡོད”ཅེས་བརྗོད་པ་རེད།

    ལྷ་ས་གྲོང་ཁྱེར་ཅིན་མན་ཏི་དབྱར་རྩྭ་དགུན་འབུ་ཚོང་ཁང་གི་ལས་དོན་མི་སྣས་སྤྱི་རྒྱ་རེར་དབྱར་རྩྭ་དགུན་འབུ་ཆེན་པོ་རྐང་2000རེ་ཚད་གཞིར་བྱས་ན་ཟླ་བ་ལྔ་པའི་ཟླ་མཇུག་ལ་སྤྱི་རྒྱ་རེར་རིན་གོང་སྒོར་ཁྲི་21ཡིན་ན་མིག་སྔར་སྤྱི་རྒྱ་རེར་སྒོར་ཁྲི་23བར་འཕར་ཡོད།དབྱར་རྩྭ་དགུན་འབུ་གཞན་དག་སྤྱི་རྒྱ་རེའི་རིན་གོང་ཡང་སྒོར་8000ནས་སྒོར་ཁྲི་1.8ཙམ་འཕར་ཡོད་ཅེས་གསར་འགོད་པར་བརྗོད་བྱུང་།

    བསྡོམས་རྩིས་བྱས་པར་གཞིགས་ན།ན་ནིང་བོད་ཀྱི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ཏུན་53.7ཟིན་པ་དེ་དུས་མཚུངས་ལས་50%འཕར་བ་དང་ཁྲོམ་རའི་རིན་གོང་ཡང་བལྟོས་བཅས་ཀྱིས་ཆག་ཡོད།དབྱར་རྩྭ་དགུན་འབུ་ཚོང་གཉེར་བྱེད་མཁན་མང་པོ་ཞིག་གིས་ཐོན་ཚད་ཡོང་ཁྱབ་ངང་ཆག་པའི་དབང་གིས་ལོ་སྨད་དབྱར་རྩྭ་དགུན་འབུའི་རིན་གོང་འཕར་རྒྱུ་ཡིན་པ་དང་དབྱར་རྩྭ་དགུན་འབུའི་རིན་གོང་འཕར་ཚད་སྔོན་དཔག་ལྟར་ན་ཅུང་མཐོ་རུ་འགྲོ་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད།

    དབྱར་རྩྭ་དགུན་འབུ་ནི་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་3000ནས་སྨི་5000བར་གྱི་ས་ཆ་ཁོ་ནར་ཡོད་པའི་སྨན་རྩྭ་ཞིག་ཡིན་པ་དང་གཙོ་བོ་བོད་དང་མཚོ་སྔོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་ཡོད།དེ་ནི་ནད་འགོག་མ་ལག་སྙོམས་སྒྲིག་བྱེད་ནུས་དང་ངལ་དུབ་འགོག་པ་སོགས་ཀྱི་ཕན་ནུས་ཆེན་པོ་ལྡན་པའི་རྩ་ཆེ་ལ་ལུས་པོ་གསོ་བའི་ཀྲུང་ལུགས་གསོ་རིགས་ཀྱི་སྨན་རྫས་ཤིག་རེད།ཉེ་བའི་ལོ་ཤས་རིང་བདེ་སྲུང་རིན་ཐང་ཆེ་ཙམ་དང་ཐོན་ཚད་དཀོན་པའི་དབང་གིས་རིན་གོང་དུས་དང་རྣམ་པ་ཀུན་ཏུ་འཕར་བ་ལས་ཆག་གི་མེད་སྟབས“གསེར་མཉེན་པོ”ཞེས་བརྗོད་ཀྱི་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག