མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

“བདལ་གཏོང་རླངས་འཁོར་སྡོད་དཀའ་བའི་གནད་དོན”ཐག་གཅོད་བྱེད་པར་ཁྱེད་ཀྱིས་རམ་འདེགས་བྱེད་དགོས།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-18 09:56

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ལོ་ཚུན་ལྷ་ས་གྲོང་ཁྱེར་གྱིས་བདལ་གཏོང་རླངས་འཁོར་ལས་རིགས་ལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས《གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་དམིགས་སུ་བཀར་ནས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་བསམ་འཆར》བཏོན་པ་དང་། རྒྱལ་ཁབ་ཀྱིས་འདི་ལོའི་ཟླ་4ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་འགོ་བཙུགས་ཤིང་རྒྱལ་ཁབ་སྤུས་ཚད་ལྟ་ཞིབ་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་ཚད་གཞི་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི《བདལ་གཏོང་རླངས་འཁོར་གཉེར་སྐྱོང་ཞབས་ཞུའི་ཚད་གཞི》ལག་བསྟར་ནན་པོ་བྱས་ནས་བདལ་གཏོང་རླངས་འཁོར་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

    ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར། བདལ་གཏོང་རླངས་འཁོར་གཉེར་སྐྱོང་ཚད་ལྡན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པར་སྲིད་གཞུང་འགན་ནུས་སྡེ་ཚན་གྱིས་ལྟ་སྐུལ་བྱེད་དགོས་པ་མ་ཟད། ད་དུང་རྒྱ་ཆེའི་མི་དམངས་མང་ཚོགས་ཚོའི་ལྟ་སྐུལ་ཡང་དགོས་ཞེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། བདལ་གཏོང་རླངས་འཁོར་ལས་རིགས་ཚད་ལྡན་དུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱི་བདལ་གཏོང་རླངས་འཁོར་གྱི་བདལ་གླ་སྙོམས་སྒྲིག་བྱས་རྗེས་བདལ་གཏོང་རླངས་འཁོར་གཉེར་སྐྱོང་བྱེད་པར་2014ལོའི་ཟླ་4ཚེས་1ཉིན་རྒྱལ་ཁབ་སྤུས་ཚད་ལྟ་ཞིབ་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་ཚད་གཞི་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི《བདལ་གཏོང་རླངས་འཁོར་གཉེར་སྐྱོང་ཞབས་ཞུའི་ཚད་གཞིའི》བླང་བྱ་ལྟར་གཉེར་སྐྱོང་བྱེད་སྐབས། འགྲུལ་པ་རླངས་འཁོར་ནང་མ་འཛུལ་གོང་གང་དུ་འགྲོ་མིན་འདྲི་བ་སོགས་ཀྱི་འགྲུལ་པ་འདེམས་པའི་བྱ་སྤྱོད་ཡོད་མི་ཆོག་པ་དང་། འགྲུལ་པ་རླངས་འཁོར་དུ་བསྡད་རྗེས་འགྲོ་ཡུལ་གསལ་པོར་དྲིས་ནས་ལམ་ཐིག་ཚད་མཐུན་བརྒྱུད་དེ་གཏན་འབེབས་ལྟར་རྩིས་རྒྱག་ཡོ་བྱད་བེད་སྤྱོད་གཏོང་བ་ལས་གོང་ཐང་སྒྲིག་མི་ཆོག་པ། འགྲུལ་པ་བསྡད་ཟིན་པའི་བདལ་གཏོང་རླངས་འཁོར་གྱིས་འགྲུལ་པ་གཞན་ཡང་བསྐྱར་བླུགས་མི་ཆོག་པ། འགྲུལ་པ་ལམ་བར་དུ་བསྐྱུར་པའམ་རྒྱུ་མཚན་ཅི་ཡང་མེད་པར་བདལ་གཏོང་རླངས་འཁོར་གྱིས་ཞབས་ཞུ་བྱེད་མཚམས་འཇོག་མི་ཆོག་པ་བཅས་བྱེད་དགོས། གཏན་འབེབས་དེ་དག་གིས་བདལ་གཏོང་རླངས་འཁོར་ལས་རིགས་སུ་ལྷག་པའི་འགྲུལ་པ་འདེམས་པ་དང་། ཐག་ཉེ་དགའ་རིང་སྡུག སྐོར་ལམ་བརྒྱུད་དེ་སྐྱོད་པ། རྩིས་རྒྱག་ཡོ་བྱད་མི་སྤྱོད་པར་གོང་ཐང་རང་དགར་སྒྲིག་པ། འགྲུལ་པ་མང་པོ་མཉམ་དུ་སྐྱེལ་བ་སོགས་ཀྱི་སྣང་ཚུལ་གཏན་འགོག་བྱེད་ཐུབ་པ་དང་། གལ་སྲིད་འགྲུལ་པས་རླངས་འཁོར་སྡོད་མི་ཆོག་པའི་ལམ་རྒྱུད་དུ་རླངས་འཁོར་གླ་བའམ་ཡང་ན་འབར་གས་སླ་བ་དང་། དུག་ལྡན་གནོད་ལྡན། འགྱེད་ནུས་ལྡན་པ། འགོ་རྒྱུ་ཡོད་པ་སོགས་བཀག་རྒྱའི་དངོས་རྫས་ཁྱེར་ནས་རླངས་འཁོར་དུ་འཛུལ་ན་ཁ་ལོ་བར་རླངས་འཁོར་ནང་སྡོད་དུ་མི་འཇུག་པའི་དབང་ཆ་ཡོད། ར་བཟི་བ་ཡིན་ན་རོགས་པའམ་ཡང་ན་ལྟ་སྐྱོང་བ་ཡོད་པའི་གནས་ཚུལ་འོག་བདལ་གཏོང་རླངས་འཁོར་དུ་སྡོད་དགོས།

    འགན་འཁུར་བ་དེས་ད་དུང་གལ་སྲིད་ཁྱེད་ཚོ་ཚང་མར་གོང་དུ་བཤད་པའི་སྒྲིག་འགལ་གནད་དོན་དེ་དག་འཕྲད་ཚེ་ཐད་ཀར་ལས་རིགས་དོ་དམ་སྡེ་ཚན་དུ་ཐེར་འདོན་ཞུ་གཏུག་བྱེད་ཆོག དཔེར་ན། རྩིས་རྒྱག་ཡོ་བྱད་ལ་དོགས་པ་ཟ་བ་ཡིན་ན་སྤུས་ཚད་ལྟ་ཞིབ་སྡེ་ཚན་ལ་འབྲེལ་གཏུགས་བྱེད་པ་དང་། གལ་སྲིད་འཁོར་གླ་སྤྲོད་ཐད་རྩོད་གླེང་བྱུང་ན་ཟོག་གོང་ཅུས་ལ་འབྲེལ་གཏུག་བྱེད་པ། ཁ་ལོ་བས་འགྲུལ་པ་མང་པོ་མཉམ་དུ་སྐྱེལ་བ་དང་། རླངས་འཁོར་ནང་སྡོད་དུ་མི་འཇུག་པ། གཏན་འབེབས་ལྟར་རྩིས་རྒྱག་ཡོ་བྱད་མི་སྤྱོད་པ་སོགས་བྱས་ཚེ་སྐྱེལ་འདྲེན་དོ་དམ་སྡེ་ཚན་ལ་འབྲེལ་གཏུག་བྱེད་པ་ལྟ་བུ་དང་། གཞན་ཡང་། བདལ་གཏོང་རླངས་འཁོར་ལས་རིགས་ཁྲོད་ལྷག་པའི་སྒྲིག་འགལ་བྱེད་སྤྱོད་སྣ་ཚོགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་ཆེད། འབྲེལ་ཡོད་སྡེ་ཚན་གྱིས་མཉམ་སྒུལ་ཁྲིམས་སྐྱོང་ཚོགས་ཆུང་བཙུགས་ནས་བདལ་གཏོང་རླངས་འཁོར་གྱི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་མཉམ་འབྲེལ་ཐོག་ཞིབ་བཤེར་བྱེད་རྒྱུ་ཡིན་པ་རེད། འབྲེལ་ཡོད་སྡེ་ཚན་གྱིས་སོ་སོའི་ཐེར་འདོན་ཁ་པར་ཨང་གྲངས་སྤྱི་བསྒྲགས་བྱས་པ་འདི་ལྟ་སྟེ། སྤྱི་བདེ་ཉེན་གཏོང་ཁ་པར་110དང་། རིན་གོང་ཐེར་འདོན་ཁ་པར་12358 འདྲེན་སྲིད་ཐེར་འདོན་ཁ་པར་96123 ཚད་འཇལ་ལྟ་སྐུལ་ཐེར་འདོན་ཁ་པར་12365 བདལ་གཏོང་རླངས་འཁོར་ཀུང་སིའི་ཐེར་འདོན་ཁ་པར་0891—6347389བཅས་ཡིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག