མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

དཔའ་ཉམས་སྔར་བཞིན་གནས་། ཟིལ་རྔམ་བསྐལ་བརྒྱར་བརྟན་།——རྒྱལ་རྩེ་དབྱིན་འགོག་རྗེས་ཤུལ་དུ་སླར་ཡང་བསྐྱོད་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-18 09:55

འདི་ནི་རྒྱང་རིང་ནས་པར་བླངས་པའི་རྒྱལ་རྩེ་རྫོང་རིའི་དབྱིན་འགོག་རྗེས་ཤུལ་ཡིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 1904ལོའི་དབྱར་སྟོད་དུ་རྒྱལ་རྩེ་རྫོང་གི་ཕྱི་རོལ་དུ་དབྱིན་ཇི་བས་སྐབས་དེ་དུས་ཀྱི་སྔོན་ཐོན་གོ་མཚོན་འཕྱར་ནས་སྐྱུག་བྲོ་བའི་རྣམ་འགྱུར་བསྟན། བཙན་འཛུལ་པའི་གཏན་ཚིགས་རིག་པ་གཞིར་བཟུང་ན། མཁར་གྲོང་གཏོར་བའི་དཀའ་ཚད་ནི་སྤྱིར་ན་མེ་མདའ་དང་མེ་སྒྱོགས་ཀྱི་འཕེན་རྒྱང་དང་མདེལ་ཤུགས་ལ་བརྟེན་ནས་ཚད་འཇལ་བྱེད་ཀྱི་ཡོད། འོན་ཀྱང་ཁོང་ཚོས་བསམ་ཚོད་བྱེད་ནོར་ཤོར་བར་བརྟེན་བློས་གཏོང་ཆེན་པོ་བྱེད་དགོས་བྱུང་། རྒྱལ་རྩེ་མི་དམངས་ཀྱིས་བཙན་འཛུལ་པར་རྫས་མདེལ་གོ་ཚོན་དུས་རབས་དམག་འཁྲུག་ཁྲོད་ཀྱི་འཕོ་འགྱུར་ཆེ་ཤོས་ར་སྤྲོད་བྱས།

    ལོ་རྒྱུས་ཀྱི་འཕོ་འགྱུར།

    ད་ཆའི་སྲིད་འཛིན་ཁུལ་དབྱེ་སྟངས་ལ་གཞིགས་ན་རྒྱལ་རྩེ་རྫོང་དེ་ས་ཁམས་ཐོག་ནས་གཞིས་རྩེ་ས་ཁུལ་ཁོངས་སུ་གཏོགས་ཀྱང་རིག་གནས་ཀྱི་འབྱུང་ཁུངས་ངོས་ནས་བརྗོད་ན་དེས་གཞིས་རྩེ་དང་དོ་ཟླ་མཉམ་པའི་གནས་བབ་བཟུང་ཡོད། བོད་ཀྱི་དེ་སྔའི་རྫོང་བཅུ་གསུམ་གྱི་གྲས་ཤིག་ཡིན་པའི་ངོས་ནས་རྒྱལ་རྩེ་རྫོང་གིས་ད་བར་བབ་བརླིང་ལྡན་ལ་བརྗིད་ཆགས་པའི་སྣང་བ་ཤིག་སྔར་བཞིན་གནས་ལ་འགྱིང་ངེར་གནས་པའི་རྫོང་རི་དང་དཔལ་འཁོར་མཆོད་རྟེན་མཐའ་འཁོར་གྱི་གནའ་གྲོང་གི་གྱང་གོག་དེ་དག་ལས་རྒྱལ་རྩེ་ནི་སྣང་ཆུང་གཏན་ནས་བྱེད་མི་རུང་བའི་གྲོང་ཁྱེར་ཞིག་ཡིན་པ་མངོན།

    རྒྱལ་རྩེ་རྫོང་ས་ཁམས་ཀྱི་གནས་བབ་ཁྱད་པར་ཅན་ཞིག་ཡོད་སྟབས་འགྲིམ་འགྲུལ་སྟབས་བདེ་བ་མ་ཟད། ཆབ་སྲིད་དང་། རིག་གནས། དཔལ་འབྱོར་བཅས་དར་རྒྱས་ཆེན་པོ་ཡོད་པས། རང་ལྗོངས་ཀྱི་ལོ་རྒྱུས་ཐོག་གལ་ཆེའི་གནས་བབ་བཟུང་བ་དང་སྔར་ནས་བཟུང་གཡུལ་འགྱེད་མཁན་གྱིས་འཐབ་དགོས་ངེས་ཀྱི་ས་ཆར་གྱུར་ཡོད། བོད་ཀྱི་རིག་གནས་ཀྱི་སྙིང་པོ་མྱོང་ཚོར་དང་ཤེས་རྟོགས་བྱ་རྒྱུ་དམིགས་ཡུལ་དུ་བྱེད་པའི་ཡུལ་སྐོར་བ་ཞིག་ཡིན་ཚེ་ས་ཆ་དེར་ངེས་པར་དུ་སྐྱོད་དགོས། བོད་ཀྱི་གཟི་བརྗིད་ལྷ་སར་གནས་པ་དང་། མཛེས་སྡུག་ཉིང་ཁྲིར་གནས། བརྗིད་ཉམས་དང་ངོ་མཚར་མངའ་རིས་སུ་ཡོད་མོད། འོན་ཀྱང་དཔའ་ཉམས་ལོ་རྒྱུས་ཀྱི་འཕོ་འགྱུར་དང་བསྟུན་ནས་རྒྱལ་རྩེར་འདུས་ཡོད།

    རྫོང་རིའི་གནའ་མཁར་ནི་ལོ་110ཡི་གོང་བཙན་འཛུལ་དམག་འཁྲུག་གི་ས་རྒྱལ་ཕམ་ཐག་གཅོད་གཡུལ་ས་ཞིག་ཡིན་པ་དང་དེ་ནི་རྒྱལ་རྩེ་རྫོང་གི་སྣང་ཆུང་གཏན་ནས་བྱེད་མི་རུང་བའི་མཚོན་རྟགས་རང་བཞིན་གྱི་སྐྲུན་དངོས་ཤིག་ཡིན་པ་དང་དུས་རབས་གཅིག་ལྷག་ཙམ་གོང་གི་གཡུལ་འགྱེད་དེ་ཧ་ལས་ཧང་སངས་དགོས་པ་ཞིག་ཡོད་པ་མངོན་ཐུབ།

    ཧ་ལས་ཧང་སངས་དགོས་པའི་གཡུལ་འགྱེད།

    གནའ་མཁར་ནི་རྒྱལ་རྩེ་དབྱིན་འགོག་རྗེས་ཤུལ་གྱི་གཙོ་གཟུགས་ཤིག་ཡིན་པ་སྨོས་ཅི་དགོས། རྫོང་རི་ནི་རི་ཆུང་ཆུང་ཞིག་ཡིན་པ་དང་དེའི་ཐད་ཀའི་མཐོ་ཚད་སྨི་བརྒྱ་ལྷག་ཙམ་ལས་མེད། སྤྱི་ལོ་967ལོར་བོད་ཀྱི་བཙན་པོའི་གདུང་རྒྱུད་དཔལ་འཁོར་བཙན་གྱིས་རྫོང་རིའི་སྟེང་མཁར་རྫོང་རྣམ་པའི་སྐྲུན་དངོས་བསྐྲུན་ཏེ་མྱང་ཆུ་གཙང་རྒྱུད་དབང་སྒྱུར་བྱས་པ་དང་རྒྱལ་རྩེ་རྫོང་སྲིད་གཞུང་བཙུགས་ཡོད། ད་ཆའི་རྫོང་རིའི་གནའ་མཁར་དེ་དུས་རབས་14ཡི་དུས་འགོར་སྐྲུན། གནའ་མཁར་བརྗིད་ཉམས་དོད་ལ་རྒྱལ་རྩེ་གྲོང་དུ་འགྱིང་ངེར་ཆགས་པ་དང་བརྗིད་ཉམས་ཆེ་བའི་སྐྲུན་དངོས་ཀྱི་ཉམས་འགྱུར་ལས་སྐབས་དེ་དུས་དབྱིན་འགོག་རྒྱལ་ཕམ་ཐག་གཅོད་ཀྱི་དམག་འཐབ་ལ་ཡིད་སྐྱོ་ཞིང་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤིག་བཏོད་ཡོད།

    1903ལོའི་ཟླ་བདུན་པར་དབྱིན་དམག་ཁྲི་གཅིག་གིས་ཀྲུང་གོའི་བོད་རིགས་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་དྲག་ཆས་བཙན་འཛུལ་ཐེངས་གཉིས་པ་བྱེད་འགོ་བཙུགས། ཟླ་12ཚེས་12ཉིན་དབྱིན་དམག་གིས་རྫ་ལེབ་ལ་ནས་ལྐོག་བརྒལ་བྱས་ཏེ་ཚེས་13ཉིན་རིན་ཆེན་སྒང་དུ་བཅའ་སྡོད་བྱས་པ་དང་ཚེས་21ཉིན་ཕག་རི་བཙན་བཟུང་བྱས། ཕྱི་ལོའི་ཟླ་དང་པོར་དབྱིན་ཇིས་སླར་ཡང་སྟོད་ལ་དང་གའུ་སོགས་གཅིག་རྗེས་གཉིས་མཐུད་ངང་བཙན་བཟུང་བྱས་རྗེས་རྒྱལ་རྩེ་བཟུང་རྒྱུའི་རེ་ངན་བཅངས། དུས་དེ་ནས་བཟུང་རྒྱལ་རྩེ་གཡུལ་ས་གཙོ་བོར་བྱས་པའི་བོད་ཀྱིས་དྲག་ཆས་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་དབྱིན་འགོག་དམག་འཁྲུག་ཐེངས་གཉིས་པ་རྒྱག་འགོ་ཚུགས།

    ཡ་ང་བའི་གཡུལ་འགྱེད་དེའི་ནང་བཙན་འཛུལ་པར་འགོག་རྒོལ་བྱ་ཆེད། རྫོང་རི་སྲུང་སྐྱོབ་བྱེད་མཁན་དམག་དམངས་ཀྱིས་རི་འདབས་སུ་རྡོ་རྩིག་མཐོ་ཚད་སྨི་5ནས་སྨི་8བར་དང་ཞེང་ཚད་སྨི་4ཡོད་པའི་ལྕགས་རི་སྐོར་བ་མ་ཟད། གྱང་རྩ་དང་གཡང་གཟར་མདུན་དུ་སྒྱོགས་སྟེགས་མང་པོ་བཙུགས་ནས་བཙན་འཛུལ་པར་རྡུང་རྡེག་དྲག་པོ་བཏང་ཡོད་མོད། འོན་ཀྱང་དམག་འཁྲུག་གི་མེ་ལྕེ་དྲག་པོས་དེ་དག་ཚང་མ་སྤྱིར་ན་ཞིག་རོར་བཏང་བ་དང་ད་ཆ་སྒྱོགས་སྟེགས་ཀྱི་ཤུལ་དང་མདེལ་ཁུང་ཡོད་པའི་གྱང་རོ་ཙམ་དང་དེ་བཞིན་ཤར་ཕྱོགས་མདའ་དཔོན་གྱི་ཁང་པ་གཅིག་ལས་ལྷག་མེད། སྲིད་གཞུང་གིས་དེར་ཉམས་གསོ་སྲུང་སྐྱོབ་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱ་ཡུལ་གཙོ་བར་བརྩིས་ཡོད།

    ལོ་རྒྱུས་དེབ་ཐེར་ནང་འཁོད་པར་གཞིགས་ན། དབྱིན་ཇིས་བོད་ལ་བཙན་འཛུལ་བྱེད་པའི་དམག་འཁྲུག་ཐེངས་གཉིས་ནང་1904ལོའི་ཟླ་7ཚེས་5ཉིན་དང་ཚེས་6ཉིན་དབྱིན་ཇིའི་རྐང་དམག་གིས་མེ་སྒྱོགས་དམག་གི་རོགས་སྐྱོར་འོག་རྫོང་རིར་ཚུར་རྒོལ་ཐེངས་བདུན་བྱས་རུང་། བོད་དམག་གིས་ཕར་རྒོལ་བྱས། རྫོང་རི་བརྟན་སྲུང་བྱེད་མཁན་བོད་རིགས་དམག་དམངས་5000ཙམ་གྱིས་བོད་མདའ་དང་། དཔའ་དམ། མདའ། འུར་རྡོ་བཅས་སྤྱད་དེ་མེ་མདའ་དང་མེ་སྒྱོགས་སྤྱོད་མཁན་དབྱིན་ཇིའི་དམག་མི་དང་དམར་འཛིང་དྲག་པོ་བྱས། ཉིན་གསུམ་འགོག་རྒོལ་བྱས་པ་བརྒྱུད་རྒྱལ་རྩེ་སྲུང་སྐྱོབ་བྱེད་མཁན་བོད་དམག་མདེལ་ཟད་རྒྱགས་རྫོགས་ཀྱི་གནས་སུ་གྱར་ཡོད། ཚེས་7ཉིན་དབྱིན་ཇིའི་དམག་གིས་རྫོང་རི་བཙན་བཟུང་བྱས་པ་དང་བོད་ཀྱི་དམག་དམངས་ཉུང་ཤས་ཤིག་དཔུང་གཤག་བྱེད་པ་ལས་དེ་བྱིངས་ཚང་མ་དབྱིན་ཇིའི་དམག་དང་དམར་འཛིང་གིས་འགོག་རྒོལ་བྱས་མཐར་བོད་དམག་བརྒྱ་ཕྲག་ཚང་མ་བྲག་རི་གཡང་གཟར་ནས་མཆོངས་ཏེ་ཚེ་སྲོག་ཤོར། དབྱིན་ཇིའི་དམག་གིས་རྫོང་རི་བཙན་བཟུང་བྱས་རྗེས་སླར་ཡང་དཔལ་འཁོར་མཆོད་རྟེན་བཙན་བཟུང་བྱས་པ་དང་རྒྱལ་རྩེ་ཆ་ཚང་འཕྲལ་དུ་བཙན་བཟུང་བྱས། 1904ལོའི་ཟླ་བཞི་པ་ནས་བདུན་པ་བར་རྒྱལ་རྩེའི་སྲུང་སྐྱོབ་དམག་འཐབ་ཉིན་བརྒྱ་ལྷག་ཙམ་བརྒྱབ་ཅིང་། དེ་ནི་ཉེ་རབས་བོད་ཀྱིས་ཕྱི་རྒྱལ་གྱི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་དམག་འཐབ་ཅིག་རེད།

    ནམ་ཡང་དཔའ་བོའི་གྲོང་བརྗེད་མི་རུང་།

    རྒྱལ་རྩེ་རྫོང་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བས“1994ལོར་རང་སྐྱོང་ལྗོངས་ཀྱིས་རྫོང་རིའི་དབྱིན་འགོག་རྗེས་ཤུལ་དེ་ལྗོངས་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གཏན་འཁེལ་བྱས་ཤིང་། མིག་སྔའི་དབྱིན་འགོག་རྗེས་ཤུལ་སྟེང་གི་དབྱིན་འགོག་སྒྱོགས་སྟེགས་དང་། དབྱིན་འགོག་འགྲེམས་སྟོན་ཁང་། དབྱིན་འགོག་དཔའ་བོ་བྲག་རི་གཡང་གཟར་ནས་མཆོང་ས། དེ་སྔའི་བོད་ས་གནས་སྲིད་གཞུང་རྒྱལ་རྩེ་རྫོང་གྲོས་དོན་ཁང་། ཤོ་ཁྲལ་ཁང་། ས་འོག་བཙོན་ཁང་དང་བོད་རྙིང་པར་ཉེས་ཅན་པར་ཁྲིམས་ཆད་གཅོད་ས་སོགས་ལྟ་སྐོར་བྱ་ཡུལ་སྒོ་ཕྱེ་བ་བརྒྱུད་དྲིལ་བསྒྲགས་སློབ་གསོ་དང་ཚན་རིག་ཞིབ་འཇུག་ཐད་ཀྱི་རིག་དངོས་ཀྱི་ནུས་པ་འདོན་སྤེལ་ཐུབ་ཡོད”རྒྱལ་རྩེར“དཔའ་བོའི་གྲོང”ཞེས་བརྗོད་པ་དང་རྫོང་རི་ནི་ཀྲུང་ཧྭ་མི་རིགས་ཀྱིས་ཕྱི་ཕྱོགས་ཀྱི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་དྲན་གསོའི་ས་ཆ་ཞིག་དེ་བས་ཡིན། རྫོང་རིའི་སྟེང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དུས་རབས་ཀྱི་རྫོང་སྲིད་གཞུང་གི་སྔར་གྱི་རྣམ་པ་ཅུང་ཆ་ལག་ཚང་བའི་སྒོ་ནས་ཉར་ཚགས་བྱས་ཡོད། དེའི་རིན་ཐང་ནི་ལོ་རྒྱུས་ཀྱི་ཆ་འཕྲིན་དང་མིག་མཐོང་ལག་ཟིན་གྱི་མ་དཔེ་དེ་ཡིན། མི་རབས་ནས་མི་རབས་བར་གྱི་མི་རྣམས་ཀྱིས་དེ་ཐོག་ནས་ཤེས་བྱ་ཉམས་ལེན་དང་། བསམ་པར་བག་ཆགས་བཟང་པོ་ཐེབས་སུ་འཇུག་པ། བློ་སྦྱོང་མཐོ་རུ་གཏོང་བ་བཅས་ནི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོར་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏོང་བའི་གཞི་རྩའི་སློབ་གཞི་དང་འཐབ་ས་ཞིག་ཡིན་ཞེས་གསར་འགོད་པར་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་རྩེའི་དབྱིན་འགོག་རྗེས་ཤུལ་དུ་ད་ཆ་ཁང་པ་ཆེ་ཆུང་194ཙམ་ཡོད་པ་དེའི་ཨར་ལས་རྒྱ་ཁྱོན་སྨི་ངོས་གྲུ་7064ཟིན་ཡོད། དེ་ནས་སྐབས་དེ་དུས་རྒྱལ་རྩེ་རྫོང་གི་གཞུང་དོན་དང་། འཚོ་བ། དཔེ་ཆ་ཀློག་པ་སོགས་ཀྱི་རྗེས་ཤུལ་རབ་རིབ་ཙམ་མཐོང་ཐུབ། ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་དུས་སུ་བློན་ཆེན་གྱིས་མཐའ་མཚམས་བསྐོར་བའི་རྡོ་རིང་བཞི་ཡོད་པ་དེ་དག་སྔར་བཞིན་ཉར་ཚགས་ཡག་པོ་བྱུང་ཡོད་པ་རེད།

    (བཀྲ་ཤིས་དང་རིག་རྡོར་གྱིས་སྒྱུར་ཞུས་བྱས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག