མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྟོབས་རྒྱལ་གྱི་ཕྱུག་འགྱུར་ཕུགས་འདུན།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-18 09:54

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁོང་གི་བསམ་འདུན་ཆེ་ཤོས་ནི་བཅུ་འཕར་གྲོང་ཚོའི་འབྲི་ཏ་ས་འཛིན་དང་སྡོང་ཕུང་ཐུམ་སྒྲིལ་བརྒྱབ་སྟེ་ཕྱིར་ཚོང་བྱེད་པ་དང་། གྲོང་མིའི་བསླས་འཐག་གི་ལག་རྩལ་བེད་སྤྱོད་ཡག་པོ་གཏོང་བ། ཚང་མས་ཁྱིམ་ཚང་མགྲོན་ཁང་གཉེར་རྒྱུ་བཅས་ཡིན།

    ཉིང་ཁྲི་རྫོང་དགུང་ཚང་ཤང་བཅུ་འཕར་གྲོང་ཚོ་2007ལོར་གྲོང་མིས་གློག་རིན་སྤྲོད་མི་ཐུབ་པ་ནས་2013ལོར་མི་རེར་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ལོན་ནས་གང་སར་སྐད་གྲགས་ཆོད་པའི་གྲོང་ཚོ་ཞིག་ཏུ་གྱུར།

    “ངའི་དམིགས་ཡུལ་ནི་འདི་ལོ་ང་ཚོའི་གྲོང་མི་རེའི་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར་ཁྲི་2ལོན་རྒྱུའི་བརྩོན་ལེན་བྱེད་པ་ཕུད། གྲོང་ཚོའི་དུད་ཚང་དབུལ་པོ་དང་འགན་ལེན་ལྔའི་དུད་ཚང་གཅིག་ཀྱང་མེད་པ་བྱ་རྒྱུ་དེ་ཡིན” ལྷ་ས་ནས་ཉིང་ཁྲི་བར་གྱི་གཞུང་ལམ་བསྐྲུན་རྗེས། ད་ལྟའི་བཅུ་འཕར་གྲོང་ཚོར་གྲོང་ཚོ་ཧྲིལ་པོ་གནས་སྤོས་བྱས་རྗེས་ཀྱི་འཕེལ་རྒྱས་ཀྱི་གནད་དོན་འཕྲད་ཡོད་པ་དང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྟོབས་རྒྱལ་གྱིས་ད་ཆ་སྒོར་ཁྲིའི་གྲོང་ཚོའི་དོན་དངོས་དེར་སྔར་བཞིན་བློ་ཡིད་ཚིམ་པོ་བྱེད་པ་མ་ཟད། དེ་བས་ཆེ་བའི་ཕྱུག་འགྱུར་གྱི་ཕུགས་འདུན་འཆང་བཞིན་ཡོད།

    ཉེ་ལམ་ལོ་ཤས་ནང་བཅུ་འཕར་གྲོང་ཚོའི་གྲོང་མིས་ས་ཁུལ་ཚན་རྩལ་ཅུས་དང་། ཞིང་འབྲོག་ཅུས། ཤང་སྲིད་གཞུང་བཅས་ཀྱི་རོགས་རམ་དང་གྲོང་ཚོའི(ཨུ་ལྷན་གཉིས)ཚན་ཁག་གི་སྣེ་ཁྲིད་འོག་གྲོང་མིས་ནས་འདེབས་པ་ནས་སྔོ་ཚལ་གྱི་དྲོད་ཁང་ཆེ་མོ་བསྐྲུན་པ་དང་། སྡོང་ཕུང་རྟེན་གཞི་དང་དེ་བཞིན་འབྲི་ཏ་ས་འཛིན་རྟེན་གཞིའི་མཉམ་ལས་ཁང་བཙུགས་པས། བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་བྱུང་བ་མ་ཟད། སྔོ་ཚལ་དང་། འབྲི་ཏ་ས་འཛིན། སྡོང་ཕུང་བཅས་འདེབས་པའི་ཧུར་བརྩོན་རང་བཞིན་ཡང་ཉིན་རེ་ལས་མ་འདས་པར་ཇེ་ཆེར་འགྲོ་བཞིན་ཡོད།

    “མུ་མཐུད་འཕེལ་རྒྱས་གཏོང་དགོས་ན་སྲིད་གཞུང་གི་རོགས་སྐྱོར་ཁོ་ནར་བརྟེན་ནས་བསྡད་ན་མི་འགྲིག་ལ། གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་ཚན་ཁག་དང་ཕྱུག་འགྱུར་སྣེ་འཁྲིད་པར་བརྟེན་ནས་བསྡད་ན་ཡང་མི་འགྲིག” བྱས་ན་ཡང་སྙིང་གང་ཞིག་ལ་བརྟེན་ཚེ་གཞི་ནས་གྲོང་མིའི་སྣེ་ཁྲིད་ནས་མུ་མཐུད་ཕྱུག་འགྱུར་བྱེད་ཐུབ་བམ་ཞེས་བུ་རྡོ་རྗེས་སྐད་ཆ་ཕྱེད་ཀ་ཙམ་བཤད་རྗེས། ཤོད་མཚམས་བཞག་སྟེ་ཐབ་ཚང་ནས་སྒོ་ང་ཞིག་འཁྱེར་ཡོང་ནས་གསར་འགོད་པའི་མདུན་དུ་བཞག་སྟེ“དེར་བརྟེན་དགོས”ཞེས་བརྗོད་བྱུང་།

    སྟོབས་རྒྱལ་གྱིས་དེ་ལྟར་བརྗོད་རྗེས་དགོད་ཚེར་ཚེར་གྱི་རྣམ་འགྱུར་བསྟན་པས་ང་ཚོ་དེ་བས་མགོ་འཐོམས་པར་གྱུར་པ་སྟེ། “འཕེལ་རྒྱས་ཕྱུག་འགྱུར་དང་སྒོ་ང་དེའི་དབར་འབྲེལ་བ་གང་ཞིག་ཡོད་དམ་སྙམས་བྱུང” གསར་འགོད་པས་སྐད་ཆ་ཡང་ཡང་དྲིས་པ་བརྒྱུད་རྡོ་རྗེས་སྒོ་ང་དེ་བླངས་ནས་ང་ཚོའི་མིག་མདུན་དུ་བཞག

    “ཀརྨ་ཞིང་ར་མཐོང་བྱུང་ངམ”ཞེས་བརྗོད་བྱུང་བས་ང་ཚོ་ད་དུང་སྟོབས་རྒྱལ་གྱིས་གང་ཞིག་བརྗོད་ཀྱི་ཡོད་མིན་ཤེས་མ་བྱུང་།

    བུ་རྡོ་རྗེས་ང་ཚོ་གློ་བུར་དུ་རྨོངས་གཉིད་སད་ལ། ཧང་སངས་པར་གྱུར་པའི་རྣམ་འགྱུར་ལ་ལྟ་བཞིན་དུ་དགོད་ཚེར་ཚེར་ངང“འདི་ནི་ཁྲོམ་ར་རེད་ཨང་། འདི་ནི་ངའི་གོམ་སྟབས་རྗེས་མའི་འཆར་གཞིའི་གྲས་ཤིག་ཡིན”ཞེས་བརྗོད་བྱུང་།

    “ད་ཆ་ཁྱེད་ཚོ་ཁྲོམ་རར་བསྐྱོད་ཟིན་པ་མ་རེད་དམ”ཞེས་ང་ཚོས་དོགས་པ་དང་བཅས་ཏེ་སྐད་ཆ་དྲིས་པ་ཡིན།

    “དེ་ནི་ཁྲོམ་རར་བསྐྱོད་པར་བརྩིས་ག་ལ་རུང་། ཧ་ཐོར་ན་ཡང་གྲོང་ཁྱེར་ནང་གི་མི་སེར་གྱིས་ཚོང་ཁང་ཆུང་ཆུང་ཞིག་བཙུགས་པ་ལྟར་ཡིན”ཞེས་རྡོ་རྗེས་དོ་ནན་ངང་འགྲེལ་བཤད་བརྒྱབ་པ་སྟེ། དཔེ་ཆ་བཞག་ན། ང་ཚོས་ད་ལྟ་འབྲི་ཏ་ས་འཛིན་དང་སྡོང་ཕུང་གི་ཚོང་ཁང་ཆུང་ཆུང་ཞིག་བཙུགས་པར་སྐུ་མགྲོན་ཚོའི་དགའ་བསུ་ཐོབ་པས། དངུལ་དེ་བས་མང་བ་རག་ཆེད་ང་ཚོས་གཉེར་སྐྱོང་རྒྱ་ཆེར་གཏོང་ངེས་ཡིན། གཉེར་སྐྱོང་རྒྱ་ཆེར་གཏོང་བར་ཚོང་ཁང་རྒྱ་ཆེར་གཏོང་བ་ཙམ་གྱིས་མ་འགྲིག་པས་བྱས་ན་གང་འདྲ་བྱེད་དགོས་སམ”ཞེས་བརྗོད།

    རྡོ་རྗེས་སྤྲོ་སྣང་ཆེན་པོས་རང་ཉིད་ཀྱི་གཉེར་སྐྱོང་ཐབས་ལམ་བརྗོད་པ་སྟེ། “གོམ་སྟབས་དང་པོ་ནི་གྲོང་ཚོ་ཧྲིལ་པོ་གནས་སྤོ་མ་བྱས་གོང་ང་ཚོས་སྔོན་ལ་གྲོང་མི་ཁག་གཅིག་འབྲི་ཏ་ས་འཛིན་གྱི་ལག་རྩལ་སྦྱོང་བར་གཏོང་རྒྱུ་ཡིན། ང་ཚོས་ད་ཆ་སྤྱོད་པ་ནི་འགྱིག་ཤོག་དྲོད་ཁང་ཆེ་མོའི་འདེབས་འཛུགས་ལག་རྩལ་ཡིན་པར་བརྟེན་འབྲི་ཏ་ས་འཛིན་མང་པོ་ཞིག་རུལ་འགྲོ་བ་མ་ཟད། འབྲི་ཏ་ས་འཛིན་བཏུས་རྗེས་དེ་ཙམ་གཙང་མ་མེད། ལག་རྩལ་དེ་ནང་འདྲེན་བྱས་རྗེས་དྲོད་ཁང་ཆེ་མོ་གཅིག་གི་འབྲི་ཏ་ས་འཛིན་གྱི་ཡོང་འབབ་མི་ཉུང་བ་ཞིག་འཕར་ཐུབ། སྐབས་དེ་དུས་འབྲི་ཏ་ས་འཛིན་འཐུ་མཁན་ཚོས་ང་ཚོའི་དྲོད་ཁང་ཆེ་མོར་འབྲི་ཏ་ས་འཛིན་འཐུ་གིན་དུ་ཟས་ན་ཆོག”ཅེས་མིག་རྒྱང་ཆེན་པོ་ལྡན་པའི་སྟོབས་རྒྱལ་གྱིས་དེ་ལྟར་བརྗོད། ཁོང་གིས་ད་དུང་ཁེངས་སྐྱུང་ངང“ཁྱེད་ཚོས་ང་ལ་གད་མོ་མ་དགོད་དང་། དེ་དག་ཚང་མ་ངས་བརྙན་འཕྲིན་ནས་ཤེས་པ་ཞིག་ཡིན། ལྷག་དོན་དུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ང་ཚོར་འབྲི་ཏ་ས་འཛིན་འདེབས་པའི་ལག་རྩལ་གྱི་དཔྱད་གཞིའི་ཡིག་ཆ་མང་པོ་བསྡུ་རུབ་བྱས་པ་མ་ཟད། ཚིག་རེ་རེ་བྱས་ནས་འགྲེལ་བཤད་བརྒྱབ་བྱུང”ཞེས་བུ་རྡོ་རྗེས་མཚེར་སྣང་ངང་ལྟག་ཁུང་ལ་བྱུར་བྱུར་བྱེད་བཞིན་དུ་བརྗོད། དེ་རྗེས་སུ་རྡོ་རྗེས་ཇི་ལྟར་བྱེད་རྩིས་ཡོད་དམ། གསར་འགོད་པས་སྐད་ཆ་མ་དྲིས་གོང་ཁོང་གིས་རང་འགུལ་ངང་དེའི་སྐོར་བརྗོད་པ་གཤམ་གསལ།

    རྡོ་རྗེས“ང་ཚོའི་གྲོང་ཚོའི་འབྲི་ཏ་ས་འཛིན་དང་སྡོང་ཕུང་ལ་མི་རྣམས་ཧ་ཅང་དགའ་པོ་བྱེད་པས་འབྲི་ཏ་ས་འཛིན་དང་སྡོང་ཕུང་གི་འཐུམ་སྒྲིལ་ཡག་པོ་བཟོས་ཏེ་བཅུ་འཕར་གྲོང་ཚོའི་སྤུས་དག་བཏོད་ནས་ས་ཁུལ་གཞན་དང་ནང་སའི་གྲོང་ཁྱེར་དུ་འཚོང་བསམ་བྱུང”ཞེས་བརྗོད།

    བཅུ་འཕར་གྲོང་ཚོའི་སྤུས་དག་བཏོད་པ་ཙམ་གྱིས་རྡོ་རྗེ་ད་དུང་བློ་ཡིད་མ་ཚིམས་པ་སྟེ། “བྲིན་ཚོང་ཡག་པོ་བྱུང་ན་ང་ཚོས་མུ་མཐུད་འདེབས་ཁྱོན་ཆེ་རུ་གཏོང་རྒྱུ་ཡིན་པས་སྐབས་དེ་དུས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་བྱུང་བའི་དངུལ་རྣམས་ཚོང་ལས་ཀྱི་ལས་སྣོན་ལ་སྤྱད་ནས་འབྲི་ཏ་ས་འཛིན་གྱི་བཏུང་བྱ་སོགས་བཟོས་ཏེ་མི་སྔར་ལས་མང་བ་ཞིག་གིས་ང་ཚོ་བཅུ་འཕར་གྲོང་ཚོའི་ལྷད་མེད་ཀྱི་རང་བྱུང་བཟའ་བཅའ་ཟ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བརྗོད།

    ཞིང་ཞོར་ཐོན་རྫས་ལ་བརྟེན་ནས་ཕྱུག་འགྱུར་བྱེད་པའི་ཕུགས་འདུན་གྱི་འཆར་གཞི་བཀོད་རྗེས་སྟོབས་རྒྱལ་གྱིས་ད་དུང་ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་བྱེད་པའི་ཕུགས་འདུན་གྱི་འཆར་གཞི་བཀོད།

    ང་ཚོའི་གྲོང་ཚོར་ཡུལ་སྐོར་གྱི་ཐོན་ཁུངས་ཧ་ཅང་མང་པོ་ཡོད་པ་སྟེ། དཔེར་ན་ང་ཚོ་རྒྱལ་ལམ་318རྒྱུད་དུ་གནས་པས་ལོ་ལྟར་ང་ཚོའི་གྲོང་ཚོར་ཞག་སྡོད་བྱེད་འདོད་པའི་བོད་དུ་ཡོང་བའི་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོད། གནས་སྤོ་བྱས་རྗེས་ང་ཚོས་འགྲུལ་ཁང་བརྒྱབ་ནས་གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་མང་དུ་མི་གཏོང་ཅི་ལ་སྲིད། དེ་དང་ཆབས་ཅིག་དུད་ཚང་ཚང་མས་ཀྱང་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོ་ལྟར་ཁྱིམ་ཚང་འགྲུལ་ཁང་བཙུགས་ན་འགྲིག གཞན་ཡང་ང་ཚོ་བོད་ཀྱི་རི་ཀླུང་མཛེས་ལ་མི་རྣམས་གཤིས་རྒྱུད་བཟང་པོ་ཡོད། ད་དུང་ང་ཚོའི་གྲོང་མིར་བསླས་འཐག་གི་ལག་ཤེས་ལྡན་པ་དེ་དག་ཚང་མ་ནི་ཐོན་ཁུངས་ཡིན་པས་བེད་སྤྱོད་ཡག་པོ་བྱས་ཆོག”ཅེས་བརྗོད།

    རྡོ་རྗེས“གྲོང་ཚོའི་ལས་བྱེད་པ་ཞིག་ཡིན་པའི་ངས་ལོ་གཅིག་གི་ནང་གྲོང་མིར་ཚོགས་འདུ་ཐེངས་ཁ་ཤས་འཚོགས་ནས་བསྡད་ན་ག་ལ་འགྲིག ང་ལས་གནས་ཐོག་ཉིན་གཅིག་བསྡད་ཚེ་གྲོང་མི་ཚོར་ཁ་ཡོད་ལག་ཡོད་ཀྱི་བྱ་བ་དངོས་ཁ་ཤས་བསྒྲུབ་རྒྱུ་ཡིན། གྲོང་མི་ཚོས་འཕེལ་རྒྱས་གཏོང་བའི་གཏོང་བའི་ཐད་རེ་བ་ཆེན་པོ་འཆང་གི་འདུག་པས་ངས་ཏན་ཏན་ཏིག་ཏིག་ངང་ཐབས་ཤེས་དང་ལམ་བུ་འཚོལ་རྒྱུ་ཡིན། གལ་ཏེ་ཐབས་ཤེས་དང་ལམ་བུ་ཡག་པོ་མ་རྙེད་ཚེ་ངའི་ལས་ཀར་སྙིང་པོ་ཅི་ཡོད”ཅེས་བརྗོད་པ་ལས། རང་འཁྲིའི་ལས་ཀར་ལྷག་བསམ་ཟོལ་མེད་འཆང་བ་ངང་ངམ་ཤུགས་ཀྱིས་མཚོན་ཐུབ།

    བཟའ་སྡོད་རྩེད་ཉོ་བཅས་གཞི་གཅིག་ཏུ་འབྲེལ་ཞིང་། སྟོབས་རྒྱལ་གྱི་ཕྱུག་འགྱུར་ཕུགས་འདུན་ལ་གྲོང་མི་ཚོས་ཀྱང་སེམས་ཁྲལ་གཏན་ནས་མི་བྱེད་པ་སྟེ་སྟོབས་རྒྱལ་གྱིས་འཆར་འགོད་བྱས་པའི་ཕྱུག་འགྱུར་གྱི་ཕུགས་འདུན་དེ་མི་རིང་བར་མངོན་འགྱུར་ཡོང་ངེས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད།

    (སྒྱུར་ཞུས་པ་བསྟན་མཚམས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག