མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ“འབྱོར་ལྡན”མང་།

རྩོམ་པ་པོ། ཁྲེང་ཕེ་ཡུས་དང་ཁྲེན་ཧྲེང་ཚའེ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-17 10:53

    ལང་ལོང་དུ་བཞུར་བའི་ཡར་ཀླུང་གཙང་པོའི་བོད་ཀྱི་རྒྱུག་ཁུལ་དུ་གནའ་སྔ་མོ་ནས་གཏམ་རྒྱུད་དང་།ངོ་མཚར།རིག་གནས་བཅས་ཕུན་སུམ་ཚོགས་པོ་ཡོད་པར་བརྟེན་ཉེ་རིང་གང་སར་སྐད་གྲགས་ཆོད་ཡོད།གསར་འགོད་པ་མི་རིང་བའི་གོང་གཞིས་རྩེ་དང་།ལྷ་ས།ལྷོ་ཁ།ཉིང་ཁྲི་སོགས་ས་ཆར་བཅར་འདྲིར་སྐྱོད་སྐབས་མིག་སྔར་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ“ཁྲི་བརྒྱ་ཡི་འབྱོར་ལྡན”དང་ཐ་ན“ཁྲི་སྟོང་གི་འབྱོར་ལྡན”ཟམ་མི་ཆད་པར་ཐོན་པའི་ཧང་སངས་དགོས་པའི་རྣམ་པ་མཐོང་བྱུང་།

    ཡར་ཀླུང་གཙང་པོའི་ཆུ་འགོར་གནས་པའི་འབྲོང་པ་རྫོང་ནི་འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་པ་དང་ས་གནས་དེ་གའི་བོད་རིགས་མང་ཚོགས་ཚོས་སྲོལ་རྒྱུན་གྱི་ཕྱུགས་འཚོ་བའི་འབྲོག་ལས་གཙོ་བོར་བྱེད་ཀྱི་ཡོད་ཀྱང་ཡ་ཏི་ཆོས་འཕེལ་དང་དཀོན་མཆོག་བསྟན་འཛིན་གཅེན་གཅུང་གཉིས་པོས“ནོར་ལུག་མི་འཚོ་བར་ཚོང་རྒྱག་པའི”ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་དེ་འབྲོང་པ་རྫོང་གི“ཁྲི་སྟོང་གི་འབྱོར་ལྡན”ཐོག་མ་དེར་གྱུར་ཡོད།ལོ་དེ་དག་ནང་བོད་དུ་ལས་འགོ་འཛུགས་ཡུལ་ཇེ་མང་དུ་འགྲོ་གི་ཡོད་པས་བོད་རིགས་གཅེན་གཅུང་དེ་གཉིས་ཀྱིས་ས་གནས་དེ་གའི་དགོས་མཁོར་གཞིགས་ནས་2006ལོའི་དཔྱིད་ཀར་ཞིང་ལས་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་5གཡར་ཏེ་རླངས་འཁོར་ཉོས་ནས་བྱེ་རྡོ་དབོར་བས་ལོ་དེ་རང་དུ་དངུལ་བུན་སྐྱིན་ཚབ་སྤྲོད་ཐུབ་པ་བྱུང་ཡོད།ཁེ་བཟང་རག་པའི་གཅེན་གཅུང་དེ་གཉིས་ཀྱིས་2008ལོར་སླར་ཡང་དངུལ་བུན་སྒོར་ཁྲི་20གཡར་ནས་བོད་བཟོའི་མཛེས་བཟོ་ཁང་དང་བྱེ་རྡོ་བཟོ་གྲྭ་བཙུགས།དངུལ་བུན་གཡར་སྤྲོད་ཐེངས་མང་བྱས་པ་བརྒྱུད་གཅེན་གཅུང་གཉིས་པོའི་ཚོང་ཇེ་ཡག་ཏུ་སོང་ནས་མགྲོན་ཁང་དང་།འཛུགས་སྐྲུན་ཀུང་སི།བྱེ་རྡོ་བཟོ་གྲྭ་སོགས་བཙུགས་ནས་ད་ཆ་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་3000ཡན་ཟིན་ཡོད་པ་རེད།

    ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་གི་རྡོ་རྗེ་རྒྱལ་མཚན་ཡང་ཁོང་གཉིས་ལྟ་བུར་གྱུར་ཡོད།དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་དུས་འབྲིང་དུ་ན་གཞོན་རྡོ་རྗེ་རྒྱལ་མཚན་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་རྫོང་གྲོང་དུ་ཆུ་གསུམ་རྫོང་ཉི་འོད་འཛུགས་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་མོད།འོན་ཀྱང་གཉེར་སྐྱོང་བྱེད་རིང་མ་དངུལ་མ་འདང་བའི་གནས་ཚུལ་རྟག་ཏུ་ཐོན།ས་གནས་དེ་གའི་ཞིང་ལས་དངུལ་ཁང་གིས་གནས་ཚུལ་དེ་ཤེས་རྗེས་རང་འགུལ་ངང་ཁྱིམ་ཚང་ནང་ཞབས་འདེགས་ཞུ་བར་ཡོང་བ་ནས་བཟུང་ཁོང་གི་བྱ་བ་ལམ་ལྷོངས་བྱུང་ཡོད་པ་རེད།ད་ཆ་རྡོ་རྗེ་རྒྱལ་མཚན་གྱི་མ་རྩ་སྒོར་ཁྲི་2000ལས་བརྒལ་ནས་ཇ་ཁང་དང་།མགྲོན་ཁང་།KTVསོགས་ཡོད་པ་ཕུད་ད་དུང་མ་དངུལ་སྒོར་ཁྲི་500བཏང་ནས་ས་གནས་དེ་གའི་གཏེར་ཆུ་གསར་སྤེལ་བྱས་པ་རེད།

    ནགས་ཁྲོད་ཐོན་ཁུངས་དང་བོད་སྨན་རྒྱུ་ཆ་འདེབས་འཛུགས་ལ་བརྟེན་ནས་ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་སྦམས་གྲོང་ཚོར་སྒོར་ཁྲི་བརྒྱ་ཡི་འབྱོར་ལྡན་མང་པོ་ཐོན་ཡོད་པ་རེད།འདི་ལོ་ལོ་51ལ་སོན་པའི་པད་མ་ནོར་བུ་ནི་འབྱོར་ལྡན་དེ་དག་ཁྲོད་ཀྱི་གྲས་ཤིག་ཡིན་པ་དང་འདི་ལོ་ཁོང་གིས་འདེབས་འཛུགས་བྱས་པའི་སྨན་རྒྱུ་དང་།ཀོ་ཤ།མོག་རོ་སོགས་མུའུ་130ཟིན་ཡོད་པ་རེད།སྐབས་དེ་དུས་གྲོང་ཚོའི་ནང་བོད་སྨན་རྒྱུ་ཆ་མཉམ་ལས་ཁང་འཛུགས་སྐབས་དུས་མགོའི་མ་འཇོག་སྒོར་ཁྲི་1300ཟིན་ཡོད་པ་རེད།གྲོང་ཚོ་དེའི་གྲོང་མི་ཉི་མས་དགའ་ཚོར་ཆེན་པོས་སྨན་གྱི་རྒྱུ་ཆ་དང་ནགས་ཁྲོད་ཐོན་ཁུངས་ཀྱི་ཐོན་འབབ་བརྟན་པོ་ཡོད་པ་དེས་འདེབས་འཛུགས་ལས་ལ་ཞུགས་པའི་གྲོང་ཚོ་དེ་ཡོངས་ཀྱི་ཧུར་སེམས་ཐོག་མཐའ་བར་གསུམ་དུ་ཆེ་རུ་ཕྱིན་ནས་ལོ་ཁ་ཤས་སོང་རྗེས་གྲོང་ཚོའི་ནང་ད་དུང་འབྱོར་ལྡན་དེ་བས་མང་བ་ཐོན་རྒྱུའི་ཡིད་ཆེས་ཡོད་ཅེས་གསར་འགོད་པར་བཤད།

    མེ་ཏོག་རྫོང་ཡ་གདུང་གྲོང་ཚོའི་ལོ་37ལ་སོན་པའི་མོན་པའི་ཕོ་གཞོན་ཚེ་དབང་བསམ་གཏན་ནི་དེ་སྔ་མེ་ཏོག་ནས་སྨན་གླིང་ཕད་བར་གྱི་དོ་པོ་དབོར་མཁན་ཞིག་ཡིན་པ་དང་དུས་ཡུན་རིང་པོ་ས་ཞིང་འདེབས་པ་དང་རང་ཁྱིམ་གྱི་རྟ་ལ་བརྟེན་ནས་དོ་པོ་དབོར་འདྲེན་བྱས་ཏེ་ཡོང་འབབ་གསོག་གི་ཡོད།ཁོང་གིས་2011ལོའི་ལོ་འགོར་དངུལ་ཁང་ནས་མ་དངུལ་སྒོར་ཁྲི་20གཡར་ནས་རང་ཁྱིམ་གྱི་བྱེ་རྡོ་བཟོ་གྲྭ་དེ་བཙུགས་ཏེ་མེ་ཏོག་གཞུང་ལམ་དང་མེ་ཏོག་རྫོང་གྲོང་འཛུགས་སྐྲུན་ལ་ཆེད་མངགས་སྤྱོད་ཀྱི་ཡོད།ན་ནིང་ཟླ་10པར་མེ་ཏོག་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཁོང་གིས་ཁྱིམ་ནང་གི་རྟ་དེ་དག་བཙོངས་པའི་དངུལ་ཚང་མ་བྱེ་རྡོ་བཟོ་གྲྭ་དེར་བཏང་ཡོད།ད་ཆ་ཁོང་ལ་མ་རྩ་སྒོར་ཁྲི་400ཡོད་པས་ས་གནས་དེ་གའི་ཕྱུག་འགྱུར་སྣེ་ཁྲིད་པའི་གྲས་ཤིག་ཏུ་གྱུར་ཡོད།ཤེས་རྟོགས་བྱུང་བར་གཞིགས་ན།མེ་ཏོག་རྫོང་དུ་ཚེ་དབང་བསམ་གཏན་དང་འདྲ་བའི་གཞི་རྩའི་འཛུགས་སྐྲུན་ལས་ལ་གཞོལ་ནས་ཕྱུག་པོར་འགྱུར་བ་མི་ཉུང་བ་ཞིག་ཡོད་མོད།འོན་ཀྱང་མི་མང་པོ་ཞིག་མེ་ཏོག་གི་ཞིང་ཞོར་ཡུལ་ཟོག་ལས་སྣོན་ཐོག་ཕྱོགས་པ་དང་ཐོན་རྫས་སྐྱེལ་འདྲེན་ཐད་ཚོད་འཛིན་གང་ཡང་མེད་སྟབས་ལོ་ཁ་ཤས་སོང་རྗེས་མི་དེ་དག་འབྱོར་ལྡན་གསར་པར་གྱུར་ངེས་རེད།

    དུས་ཚོད་ཀྱིས་རྐྱེན་པས་གསར་འགོད་པས“འབྱོར་ལྡན”མང་པོར་བཅར་འདྲི་བྱེད་ཐུབ་མེད་མོད།འོན་ཀྱང་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་ཐོན་པའི“སྒོར་ཁྲི་བརྒྱ་ཡི་འབྱོར་ལྡན”ད་དུང་ཧ་ཅང་མང་པོ་ཡོད།དེའི་རྒྱུ་རྐྱེན་སྐོར་གླེང་སྐབས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཝང་ཁྲུན་ཧོན་གྱིས་དུས་ཡུན་རིང་པོ་སྤྱི་ཚོགས་བརྟན་ལྷིང་རྒྱུན་སྲིང་བྱུང་བ་ནི་མི་རིགས་ཁག་གི་མང་ཚོགས་ཕྱུག་པོ་ཆགས་པའི་གཞི་རྩའི་འགན་ལེན་དེ་རེད།བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཟམ་མི་ཆད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཕྱུག་འགྱུར་གྱི་གོ་སྐབས་བཟང་པོ་སྤྲད་ཡོད་པའི་ནང་དངུལ་རྩ་དང་།ཁྲལ་འབབ།བཟོ་ཚོང་སོགས་ཚུད་པའི་དམངས་ཕན་བྱེད་ཐབས་སྣ་ཚོགས་ལས་བྱ་གཞག་གསར་གཏོད་ཁྲོད་ཀྱི་ཞིབ་ཕྲའི་དཀའ་ངལ་སེལ་ཡོད་པ་དབྱེ་ཞིབ་བྱས་ནས་བརྗོད་པ་དང་ཁོང་གིས་ཕྱོགས་བསྡུས་རྒྱུ་རྐྱེན་དེ་དག་ལས་ད་ཆའི“འབྱོར་ལྡན”དེ་དག་ཐོན་པ་མ་ཟད་འབྱུང་འགྱུར“འབྱོར་ལྡན”དེ་བས་མང་བ་ཐོན་ངེས་རེད་ཅེས་བཤད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག