མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་དང་མཚོ་སྔོན་བཟོ་ལས་གླིང་གིས་འདི་ལོ་ལས་འགོ་ཚུགས་པའི་ཁེ་ལས་20ཟིན་པ།

བསྡོམས་མ་འཇོག་སྒོར་དུང་ཕྱུར་173.5བཏང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-17 09:41

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་6ཚེས་12ཉིན་བོད་དང་མཚོ་སྔོན་བཟོ་ལས་གླིང་གིས་སླར་ཡང་ཁེ་ལས་8གཅིག་སྡུད་ཐོག་ལས་འགོ་བཙུགས་ནས་དེ་སྔའི་བྱེ་ཐང་ཐོག་ཨར་ལས་ཀྱི་ཚ་རླབས་འཕྱུར་ཏེ་གོར་མོའི་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་དང་མཚུངས་པའི་བོད་དང་མཚོ་སྔོན་བཟོ་ལས་ཁུལ་གྱིས་འཆར་འགོད་འཛུགས་སྐྲུན་ཐད་དགའ་འོས་པའི་གོམ་སྟབས་སྤོས་ཡོད་པ་རེད།

    མིག་སྔའི་བར་གླིང་དེས་རྒྱལ་ནང་ངམ་ཡང་ན་ལས་རིགས་ཐོག་ཤུགས་རྐྱེན་ཆེན་པོ་ལྡན་པ་དང་དངོས་ཤུགས་ལྡན་པའི་ཁེ་ལས་ཁག་གཅིག་ནང་འདྲེན་བྱས་པའི་ནང་འཛམ་གླིང་གི་ལེགས་གྲས་500ཡི་ཁེ་ལས(ཅང་ཤིས་ཟངས་གཏེར་ལས་རིགས)གཅིག་དང་།ཚོང་རར་བཏོན་པའི་ཀུང་སི(ཞ་མོན་བཟོ་ལས་འཕྲུལ་ཆས་མ་རྐང་ཀུང་སི་དང་།ཀྲེ་ཅང་ཐེན་ནེང་ཚོགས་པ།ཤར་ཕྱོགས་ཉི་ཤར་འོད་གློག་ཚན་རྩལ་མ་རྐང་ཀུང་སི)བཅས་གསུམ།ཀྲུང་དབྱང་ཁེ་ལས(ཀྲུང་གོ་ནུས་རྒྱུ་གྲོན་ཆུང་དང་ཀྲུང་གོ་ཨན་ཧྭ)གཉིས་ཡོད་པ་རེད།ད་ཆ་ཐོ་འགོད་དང་གན་རྒྱ་བཞག་པའི་ཁེ་ལས་ཁྱོན་54ཡོད་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་614.06ཙམ་བཏང་བའི་ནང་འདི་ལོ་ལས་འགོ་འཛུགས་རྩིས་ཡོད་པའི་ཁེ་ལས་20ཡོད་པར་མ་དངུལ་སྒོར་དུང་ཕྱུར་173.5ཙམ་དང་།ཐོ་འགོད་ཁེ་ལས་དང་གན་འཇོག་ཁེ་ལས་34ཡོད་པར་མ་དངུལ་སྒོར་དུང་ཕྱུར་347.06ཙམ།འདོད་མཐུན་ཁ་ཆད་བྱེད་བཞིན་པའི་ཁེ་ལས་7ཡོད་པར་འདོད་མཐུན་མ་དངུལ་སྒོར་དུང་ཕྱུར་93.5ཙམ་བཅས་ཟིན་ཡོད་པ་རེད།

    བཟོ་ལས་གླིང་འཛུགས་སྐྲུན་ཐད་ཚོང་འགུགས་མ་འདྲེན་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་གླིང་ཁུལ་འཕེལ་རྒྱས་ཀྱི་ཚེ་སྲོག་ལམ་ཐིག་ལ་བརྩིས་ནས་གལ་ཆེའི་གནས་བབ་ཐོག་འཇོག་པ་དང“ཕྱིར་བསྐྱོད་པ་དང་ནང་དུ་གདན་འདྲེན་པའི”བྱེད་ཐབས་སྤྱད་དེ་སྔ་རྗེས་སུ་རང་འགུལ་ངང་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་20རུ་སྐྱོད་དེ་ཚོང་འགུགས་མ་འདྲེན་བྱེད་སྒོ་སྤེལ་བ་དང་རང་འགུལ་ངང་ཚོང་པ་100ལྷག་ཙམ་དང་འབྲེལ་བ་བྱས་ཡོད་པ་རེད།རྒྱལ་ནང་གི་ལྕགས་རིགས་བཙོ་སྦྱང་དང་རྫས་འགྱུར་བཟོ་ལས་སོགས་ཁེ་ལས་བཟོ་ལས་གླིང་དུ་ས་གནས་ས་ཐོག་ཏུ་རྟོག་ཞིབ་དང་ངོ་འཕྲད་གྲོས་མོལ་བྱེད་པར་ཡོང་མཁན་མི་ཐེངས་200ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་པ་རེད།

    ཚོང་འགུགས་མ་འདྲེན་དང་ཆབས་ཅིག་བཟོ་ལས་གླིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡང་འཕེལ་རྒྱས་མྱུར་པོ་བྱུང་ཡོད།ན་ནིང་ཟླ་9པ་དང་འདི་ལོའི་ཟླ་4པར་བཟོ་ལས་གླིང་གི་སྤྱི་ལེ་ངོས་གྲུ་15ཡི་འགྲོ་ལམ་དང་མདོང་དྲ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱལ་ཡོངས་སུ་ཡོངས་བསྒྲགས་ངང་འོས་འགུགས་འོས་དཔོད་བྱས་པ་རེད།མིག་སྔར་བཟོ་ལས་གླིང་གི་མ་ལམ་དང་མདོང་དྲ་8ཀྱི་སྤྱིའི་རིང་ཚད་སྤྱི་ལེ་26.69ཟིན་པར་མ་དངུལ་སྒོར་དུང་ཕྱུར་9.6བཏང་ཡོད་པ་རེད།སྔོན་རྩིས་ལྟར་ན།འདི་ལོ་ཟླ་8པའི་ཟླ་མཇུག་ཏུ་བཟོ་ལས་གླིང་གི་སྤྱི་ལེ་ངོས་གྲུ་15ཡི“ཤར་གཏོང་གསུམ་དང་འཁོད་སྙོམས་གཅིག”སོགས་རྨང་གཞིའི་སྒྲིག་བཀོད་ཚང་མ་ལེགས་གྲུབ་ཟིན་རྒྱུ་རེད།

    གླིང་ཁུལ་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་འགྲོ་བ་དང་བསྟུན་ནས་གླིང་ཁུལ་གྱིས་ད་དུང་དུས་ཐོག་ཏུ་མ་དངུལ་སྒོར་ཁྲི་550བཏང་ནས་ཆན་ཕུའུ་10ཡི་གནས་སྐབས་ཀྱི་གློག་གཏོང་སྐུད་ལམ་སོགས་བཟོས་ནས་གླིང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་གླིང་ཁུལ་ནང་ཡོང་མཁན་ཁེ་ལས་ཀྱི་ཆུ་དང་གློག་གི་དགོས་མཁོ་དུས་ཐོག་ཏུ་ཐག་གཅོད་བྱས་པ་དང་སྦྲགས་མ་དངུལ་སྒོར་ཁྲི་280ལྷག་ཙམ་བཏང་ནས་གླིང་ཁུལ་ལྷོ་ངོས་ཀྱི་སྤྱི་ལེ་6.8ཀྱི་ཆུ་རགས་བསྐྲུན་པ་དང་མིག་སྔར་ལས་གྲྭ་80%ལེགས་གྲུབ་ཟིན་ཡོད་པ་རེད།

    གོར་མོའི་བོད་དང་མཚོ་སྔོན་བཟོ་ལས་གླིང་འཛུགས་སྐྲུན་གྱི་མཉམ་ལས་སྒྲོམ་གཞིའི་གྲོས་དོན་ལ་ན་ནིང་ཟླ་7པར་མིང་རྟགས་བཀོད་པ་དང་ལོ་གཅིག་ཙམ་ཀྱི་དུས་ཚོད་ནང་ལས་དོན་ཁག་ལ་འཕེལ་རིམ་མྱུར་པོ་བྱུང་ནས་གླིང་ཁུལ་གྱི་འཆར་འགོད་བཟོ་བ་དང་།རྨང་གཞིའི་སྒྲིག་བཀོད་ཀྱི་ལེ་ལག་ཚང་བ།ཚོང་འགུགས་མ་འདྲེན།ཁེ་ལས་མང་པོ་ཞུགས་པ་བཅས་ཀྱི་དགའ་འོས་པའི་རྣམ་པ་མངོན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག