མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཏེང་ཞའོ་ཀང་གིས་མངའ་རིས་སུ་འཇིགས་རྒོལ་དང་། བདེ་སྲུང་། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་དངོས་འཐབ་ནང་སྦྱོང་ལ་གཟིགས་ཞིབ་མཛུབ་ཁྲིད་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-17 09:41

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་14ཉིན་གྱི་སྔ་དྲོ་མངའ་རིས་ས་ཁུལ་གྱིས་གཞི་རིམ་གྱི་འཐབ་ས་དང་པོའི་འཇིགས་རྒོལ་དང་། བདེ་སྲུང་། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ“རང་སྲེག་དང་། མོ་ཊས་རྡུང་བ། མེ་རྒྱག་འཇབ་རྒོལ། མི་དཔུང་ཁྱུ་སྒྲིག་གིས་ཟིང་ཆ་སློང་བ”བཅས་ཁ་གཏད་གཅོག་རྒྱུ་ནང་དོན་གཙོ་བོར་བྱས་པའི་དངོས་འཐབ་ནང་སྦྱོང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་ནང་སྦྱོང་ལ་གཟིགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཏེང་ཞའོ་ཀང་གིས་ནང་སྦྱོང་ལ་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་བཅས་ཀྱི་ཚབ་ཞུས་ཏེ་ནང་སྦྱོང་ནང་ཞུགས་མཁན་ཡོངས་ལ་བྱམས་བརྩེའི་འཚམས་འདྲི་ཞུས་པ་རེད།

    ཏེང་ཞའོ་ཀང་གིས་མིག་སྔར་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་དུས་བབ་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད་པ་དང་ཆོས་ལུགས་ཀྱི་བྱེད་སྒོ་ཆེ་གྲས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པ་བྱུང་ཡོད་པས་མངའ་རིས་ས་ཁུལ་དུ་མཐའ་མཚམས་སྲ་བརྟན་དང་མི་དམངས་རྣམས་བདེ་སྡོད་ལས་བརྩོན་གྱི་རྣམ་པ་བཟང་པོ་ཐོན་ཡོད། ཡིན་ནའང་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་དགོས་པ་ཞིག་ལ་མངའ་རིས་ས་ཁུལ་དེ་ཉིད་མཐའ་མཚམས་སུ་གནས་པས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་དང་གཏུམ་སྤྱོད་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དུས་བབ་སྔར་བཞིན་རྙོག་འཛིང་དང་ཛ་དྲག་ཆེ་བ་དང་ཚང་མའི་ཕྲག་ཐོག་གི་ལས་འགན་ཡང་སྔར་བཞིན་ཧ་ཅང་ལྕི་པོ་ཡོད་པས་མངའ་རིས་ས་ཁུལ་རིམ་ཁག་སྡེ་ཚན་ཁག་གིས་སྣང་མེད་ལྷོད་གཡེང་བྱེད་པ་དང་། སྟེས་དབང་གི་བསམ་པ་འཆང་བ། དམག་འཐབ་ལ་སུན་སྣང་སྐྱེས་པའི་བསམ་པ་མཐའ་གཅིག་ཏུ་ཁྱད་བསད་ཀྱིས་འགན་འཁྲི་བློ་ལ་བརྟན་པོ་ངེས་ནས་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་། རང་འགན་ནན་སྒྲུབ་བྱས་ནས་འཇོན་ཐང་ཆེ་རུ་གཏོང་བ། རེ་བ་ནན་པོ་བཏོན་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་བྱས་ཏེ་ཐོབ་པར་དཀའ་བའི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་ནུས་ཤུགས་ཡོད་རྒུས་མངའ་རིས་ས་ཁུལ་རྒྱུན་སྲིང་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུངས་པ་རེད།

    ནང་སྦྱོང་མཇུག་འགྲིལ་རྗེས་ཏེང་ཞའོ་ཀང་སླར་ཡང་སྤུ་ཧྲེང་རྫོང་ཧོར་ཤང་ཉེན་དོན་ལས་སྒྲུབ་ས་ཚིགས་སུ་འཇིགས་རྒོལ་དང་། བདེ་སྲུང་། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་གནང་བར་ཕེབས་ཤིང་། ཉེན་དོན་ལས་སྒྲུབ་ས་ཚིགས་ཀྱིས་བདེ་འཇགས་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ་ཁྲིམས་ལྟར་མི་སྣ་ཐོ་འགོད་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་འབྲེལ་མང་ཚོགས་དང་ཡུལ་སྐོར་བར་ངལ་གསོ་ས་དང་རིན་མེད་ངང་ཆུ་འཁོལ་དང་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་པར་ཏེང་ཞའོ་ཀང་གིས་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ་ཁོང་གིས་འགག་སྒོ་ནན་པོ་སྲུང་བ་དང་འབྱུང་རྩ་ནས་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་གཏུམ་སྤྱོད་འཇིགས་སྐུལ་གྱི་མི་མངོན་པའི་རྐྱེན་ངན་མ་ཐོན་གོང་ནས་མེད་པ་བཟོས་ཏེ་སྲུབས་ཁ་དང་། ཁུག སྟོང་ཆ་བཅས་མ་ལུས་པའི་འགན་ལེན་བྱས་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་དང་མི་རིགས་ཁག་གི་མང་ཚོགས་ལ་བདེ་འཇགས་དང་ཞི་མཐུན་གྱི་ཁོར་ཡུག་ཡག་པོ་ཞིག་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཁྲུས་སྒོ་དགོན་དང་བྱིའུ་དགོན་དུ་ཏེང་ཞའོ་ཀང་གིས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཀྱི་ལས་དོན་སྤེལ་ཚུལ་བརྟག་ཞིབ་གནང་ཞིང་། དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་དེ་མི་ཀུན་གྱི་སེམས་སུ་ཟུག་པ་དང་རྒྱ་ཆེའི་གྲྭ་བཙུན་ཚོས་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་གིས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བ་མཁྱེན་རྗེས་ཏེང་ཞའོ་ཀང་དགྱེས་ཚོར་ཆེན་པོ་བྱུང་བ་དང་ཁོང་གིས། རྒྱ་ཆེའི་གྲྭ་བཙུན་ཚོས་ད་ལྟའི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་དང་དུས་བབ་བཟང་པོར་གཅེས་སྤྲས་ཡག་པོ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་བྱེད་པ་དང་རང་རྟོགས་ངང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ཏེ་བློ་གྲོས་དང་སྟོབས་ཤུགས་རྣམས་འཕེལ་རྒྱས་མགྱོགས་མྱུར་གཏོང་བ་དང་ཞི་མཐུན་སྤྱི་ཚོགས་སྐྲུན་པའི་ཐུན་མོང་གི་དམིགས་ཡུལ་ཐོག་གཅིག་སྡུད་ཐུབ་པ་བྱས་ཏེ་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམས་མཐུན་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་ཐུགས་རེ་གནང་བ་རེད། ཁོང་གིས་དགོན་སྡེར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པས་གྲྭ་བཙུན་ལ་ཞབས་ཞུ་དོ་དམ་བྱེད་པའི་ལས་དོན་སྔར་བས་ཏན་ཏིག་དང་ཞིབ་ཕྲ་སྒྲུབ་པ་དང་། རང་སྐྱོང་ལྗོངས་ཀྱིས་བཏོན་པའི་དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་ཡག་པོ་བྱེད་པ། དགོན་སྡེ་དང་གྲྭ་བཙུན་གྱི་དཀའ་ངལ་དངོས་ཐག་གཅོད་ནུས་ལྡན་བྱེད་པ་བཅས་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་མི་རུང་བའི་བླང་བྱ་བཏོན་གནང་བ་རེད།

    ཞིབ་བཤེར་མཛུབ་ཁྲིད་གནང་རིང་། ཏེང་ཞའོ་ཀང་ད་དུང་མངའ་རིས་སུ་བཅའ་སྡོད་སྦྱོང་བརྡར་བྱེད་མཁན་དྲག་ཆས་ཉེན་རྟོག་དཔོན་དམག་གི་དམག་སྒར་དུ་ཕེབས་ཏེ་དཔུང་སྡེའི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་སྤེལ་ཚུལ་ལ་ཞིབ་བཤེར་གནང་བ་དང་འཐབ་འཛིང་པ་ཚོ་དང་མཉམ་དུ་དགོང་ཟས་མཆོད་ཅིང་། ཁོང་གིས་འཐབ་འཛིང་པ་རྣམས་ལ་ཏང་གི་བཀོད་འདོམས་ལ་ཉན་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ལས་གནས་ཡག་པོ་སྲུང་བ། སོ་ལྟ་ཡག་པོ་བྱེད་པ། འགན་འཁྲི་ཡག་པོ་འཁུར་བ་བཅས་བྱེད་དགོས་པ་མ་ཟད་ད་དུང་དཀའ་ངལ་ཁྱད་བསད་དང་གཟུགས་པོར་བདག་གཅེས་བྱས་ཏེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་མངགས་བཅོལ་གནང་བ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག