མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རང་སྐྱོང་ལྗོངས་སྲིད་གཞུང་གིས་ཀྲུང་དབྱང་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་བ།

བློ་བཟང་རྒྱལ་མཚན་དང་ཏུའུ་དབྱིན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-17 09:39

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་གིས་བོད་ལ་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ནས་ལོ་ཉི་ཤུ་འཁོར་བའི་སྐབས་སུ་ཀྲུང་དབྱང་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་གིས་རང་ལྗོངས་ཀྱི་ས་གནས་ཁག་ཏུ་བསྐྱོད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་གནང་བ་རེད། ཟླ་6ཚེས་15ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལྷ་སར་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་ནས་ཁ་གཏད་བོད་སྐྱོར་ལས་དོན་གྱི་ཇུས་ཆེན་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་ཀྲུང་དབྱང་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ཙུའུ་ཀྲང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཏུའུ་དབྱིན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་གྱིས་ལོ་ཉི་ཤུའི་ཁ་གཏད་བོད་སྐྱོར་ལས་དོན་གནས་ཚུལ་ངོ་སྤྲོད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཁྲེན་ཆོན་གོ་བཅས་ཀྱི་ཚབ་ཞུས་ནས་བརྟག་ཞིབ་ཚོགས་ཆུང་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས་ཁ་གཏད་བོད་སྐྱོར་ལས་དོན་ནི་ཏང་ཀྲུང་དབྱང་གིས་གཏན་འབེབས་གནང་བའི་ཐབས་ཇུས་གལ་ཆེན་དང་འཐབ་ཇུས་བཀོད་སྒྲིག་ཅིག་དང་། ང་ཚོའི་ཏང་གི་བོད་སྐྱོང་ཐབས་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག བོད་ཀྱི་སྒྱུར་བཅོས་སྒོ་དབྱེའི་བརྒྱུད་རིམ་གྱི་དོན་གལ་ཆེན་ཞིག་བཅས་ཡིན། ལོ་ཉི་ཤུའི་རིང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་ཁེ་ལས་དང་དེ་བཞིན་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་བོད་སྐྱོར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་དང་དོར་ཐབས་མེད་པའི་འགན་འཁྲིར་བརྩིས་ནས་ཁྱོན་ཡོངས་ནས་དང་། ཁྱབ་ཁོངས་ཡངས་པོ། རིམ་པ་མང་བ།ཤུགས་ཆེ་བཅས་ཀྱི་སྒོ་ནས་ལས་དོན་སྤེལ་ཏེ་བོད་ཀྱི་འཕེལ་རྒྱས་ཡར་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ལག་ལེན་ཐོག་ནས་ཀྲུང་དབྱང་གི་ཁ་གཏད་བོད་སྐྱོར་གྱི་འཐབ་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ར་སྤྲོད་བྱུང་བ་མ་ཟད། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྟོབས་ཤུགས་ཀྱང་གང་ལེགས་མངོན་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་ནི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ལོ་རྒྱུས་འགན་འཁྲི་དང་དོར་ཐབས་མེད་པའི་འགན་འཁྲི་ཡིན་ལ། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་དེ་བས་ཁ་འབྲལ་ཐབས་མེད། བརྟག་ཞིབ་ཚོགས་ཆུང་གིས་བརྟག་ཞིབ་གནང་སྟེ་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་ཐུགས་ཁུར་དང་། རོགས་རམ། རྒྱབ་སྐྱོར་བཅས་མང་ཙམ་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཏུའུ་དབྱིན་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་ལོ་ཉི་ཤུའི་རིང་གི་ཁ་གཏད་རོགས་སྐྱོར་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ་བརྟག་ཞིབ་ཚོགས་ཆུང་གི་ད་ཐེངས་ཀྱི་ལས་ཀའི་དམིགས་ཡུལ་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས་ཁ་གཏད་བོད་སྐྱོར་ནི་ཀྲུང་དབྱང་གི་འཐབ་ཇུས་གལ་ཆེན་ཞིག་ཡིན་པར་བརྟེན་ཁ་གཏད་བོད་སྐྱོར་ལས་དོན་གྱི་ཡུན་རིང་རང་བཞིན་དང་། ཚན་རིག་རང་བཞིན། མང་ཚོགས་རང་བཞིན་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ལོ་ཉི་ཤུའི་རིང་གི་ཁ་གཏད་བོད་སྐྱོར་ལ་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་ཡག་པོ་བྱས་ཏེ་གོམ་སྟབས་རྗེས་མའི་བོད་སྐྱོར་ལས་དོན་ལ་ཞིབ་འཇུག་དང་། ལས་ཀའི་བསམ་ཕྱོགས་གསར་གཏོད། ལས་ཀའི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་རོགས་རམ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག