མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞི་རིམ་དུ་ཚན་རྩལ་སྤེལ་བས་ཞིང་པར་ཕན་པ་ཐོབ་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-17 09:39

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གཞིས་རྩེ་ས་ཁུལ་རྣམ་གླིང་རྫོང་སོག་ཆེན་ཤང་སྲིད་གཞུང་གི་སྒོ་རའི་ནང་དུ་ལེ་དབར་བརྒྱད་ཙམ་གྱི་ས་ནས་སླེབས་པའི་གྲོང་ཚོ་བརྒྱད་ཀྱི་ཞིང་འབྲོག་མང་ཚོགས་ཚོས་ཚན་རྩལ་པས་འཆད་ཁྲིད་གནང་བའི་ཞིང་འབྲོག་ལས་ཀྱི་ཤེས་བྱ་ཉན་པའམ། ཡང་ན་སྤྲོ་བ་ཆེན་པོས་འཚོ་བའི་མཁོ་ཆས་ལེན་པའི་དགོད་སྒྲས་ཁེངས་ཡོད།

    དེ་ནི་ལྗོངས་ཡོངས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་གཏིང་ཟབ་ངང་སྤེལ་བའི་སྐབས། རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས“རྒྱལ་ཡོངས་ཀྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར”ཁྱོན་ཡོངས་ལ་སྤེལ་བའི་གོ་སྐབས་དང་བསྟུན་ཏེ་སོག་ཆེན་ཤང་དུ“ཚན་རྩལ་གྱི་འཚོ་བ། གསར་གཏོད་ཀྱི་ཕུགས་བསམ”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པའི་ཚན་རྩལ་གཤམ་སྤེལ་བྱེད་སྒོ་སྤེལ་བའི་རྣམ་པ་རེད།

    ཚན་རྩལ་གཤམ་སྤེལ་གྱི་བྱེད་སྒོར་སོག་ཆེན་ཤང་གི་མང་ཚོགས་ཚོས་མགྲིན་གཅིག་ཏུ་བསྟོད་བསྔགས་ཡང་ཡང་ཕུལ་ཡོད་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ལོ་78ཡིན་པའི་རྒད་པོ་རྡོ་རྗེས་གསར་འགོད་པར“ཚན་རྩལ་གཤམ་སྤེལ་གྱི་བྱེད་སྒོ་སྤེལ་རིང་ང་ཚོར་ཚན་རྩལ་གྱི་དཔེ་དེབ་དང་། རྫས་ལུད། ས་བོན་སོགས་སྤྲད་པ་མ་ཟད། ལག་རྩལ་གསོ་སྦྱོང་གི་བྱེད་སྒོ་སྤེལ་བ་དེ་དག་ང་ཚོ་ཞིང་འབྲོག་ཁུལ་གྱི་དོན་དངོས་དང་ཧ་ཅང་འཚམ་པོ་འདུག ཏང་དང་སྲིད་གཞུང་གིས་བྱ་བ་དངོས་བསྒྲུབས་པ་དེ་དག་ང་ཚོ་མི་སེར་ཚོར་ཉེར་མཁོ་རྐྱང་རྐྱང་རེད”ཅེས་བཤད། འཚོ་བའི་མཁོ་ཆས་ལེན་བཞིན་པའི་ཁྱིམ་ཚང་དབུལ་པོ་ཆོས་པས“ལྗོངས་ཞིང་འབྲོག་ཐིང་གིས་ང་ཚོར་འབྲས་དང་ཟ་སྣུམ་སོགས་འཚོ་བའི་མཁོ་ཆས་སྤྲད་ནས་ང་ཚོའི་འཚོ་བའི་དཀའ་ངལ་སེལ་རོགས་བྱས་བྱུང་། ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སྤྲོ་བ་ཆེན་པོས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཞིང་འབྲོག་ཐིང་གིས་ད་རེས་ཀྱི་བྱེད་སྒོའི་ཁྲོད་སྒོར་ཁྲི་1.5རི་བའི་དཔེ་དེབ་དང་། ཚན་སློབ་གློག་བརྙན། ནུས་བསྲི་གློག་སྒྲོན། དེ་བཞིན་སྒོར་ཁྲི་2.5རི་བའི་རྫས་ལུད་དང་། ས་བོན། དྲོད་ཁང་གི་འགྱིག་ཤོག་བཅས་ཞལ་འདེབས་བརྒྱབ་པ་དང་དུས་མཚུངས། ད་དུང་སོག་ཆེན་ཤང་ལ་ཚན་རིག་ཁྱབ་གདལ་གྱི་གསོ་སྦྱོང་མ་དངུལ་སྒོར་ཁྲི་7དང་ཁྱིམ་ཚང་དབུལ་ཕོངས་ཀྱི་འཐུས་མིར་སྒོར་ཁྲི་4.3རི་བའི་ཟ་སྣུམ་དང་། འབྲས། ཇ་བག་ཆུང་སོགས་འཚོ་བའི་མཁོ་ཆས་སྤྲད་ཡོད་པ་རེད།

    ཀྲུའུ་ཧུའེ་ཡུན་གྱིས་ད་རེས་ཀྱི་ཚན་རྩལ་གཤམ་སྤེལ་བྱེད་སྒོ་ནི་ལྗོངས་ཞིང་འབྲོག་ཐིང་གིས་ཏང་གི་དམངས་ཕན་སྲིད་ཇུས་དང་ཞིང་འབྲོག་གི་ཚན་རྩལ་ཤེས་བྱ་སྒྲོག་འགྲེལ། ཚན་རིག་ཁྱབ་གདལ་གྱིི་དཔེ་དེབ་དང་ཐོན་སྐྱེད་རྒྱུ་ཆ་སྤྲོད་པ་བཅས་དམིགས་ཡུལ་དུ་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ཚོར་འཚོ་བའི་མཁོ་ཆས་དང་ཡིད་ཀྱི་གསོ་སྨན་སྦྱིན་པས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ཕན་པ་གང་དུ་ཡོད་པ་དང་ཕན་པ་གང་ནས་བྱུང་བ་ཤེས་ཏེ་ཚང་མས་ཏང་ལ་དྲིན་གཟོ་བ་དང་ཏང་གི་རྗེས་སུ་འབྲང་གི་འདུག་ཅེས་བཤད།

    (སྒྱུར་ཞུས་པ་ཨོ་ཚེ)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག