མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གྲོང་ཁྱེར་ཆེན་པོའི་སྲང་ལམ་གང་སར་གཏམ་རྒྱུད་མང་།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-17 09:39

    2013ལོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཤང་ལྷོ་ངོས་གྲོང་ཚོའི་གྲོང་མི་ཚེ་འཕེལ(གཡོན་གྱི་གཉིས་པ)གྱིས་གྲོང་ཚོ་དེ་ཡོངས་ཀྱི་གྲོང་མི་དག་དང་དུད་སྦྲེལ་བྱས་ནས་དངུལ་བུན་སྒོར་ཁྲི་20གཡར་བའི་ཁར་ཁོངས་མིའི་མ་དངུལ་ལ་བརྟེན་ནས་ཁྲེང་ཀོན་ཆུས་ཚེ་འཕེལ་མི་རིགས་ལག་ཤེས་བཟོ་རྩལ་ཞིང་པའི་མཉམ་ལས་ཁང་བཙུགས་ཤིང་། ད་ཆ་ཚེ་འཕེལ་གྱི་མཉམ་ལས་ཁང་དུ་མི་70ལྷག་ཡོད་པ་དང་ལོ་མཇུག་ཏུ་མང་ཚོགས་ལ་ཁེ་སྤོགས་སྒོར་ཁྲི་30ལྷག་བགོས་ཤིང་། འདི་ནི་ཚེ་འཕེལ་གྱིས་ལས་བཟོའི་སྣེ་ཁྲིད་ནས་གུར་འཚེམ་པའི་གནས་ཚུལ་ཡིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“གཉིས་ལྡན་དུད་སྦྲེལ”གྱི་ལས་ཀའི་ལམ་ལུགས་དོན་འཁྱོལ་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་ཁག་གི་དྲ་མིག་ཅན་གྱི་དོ་དམ་ལས་དོན་མི་སྣ་དང་དུད་སྦྲེལ་འཐུས་མི་ལས་སྡེ་ཁུལ་གྱི་ཞབས་ཞུའི་སྟོབས་ཤུགས་ཆེན་པོ་ཞིག་གྲུབ་པ་དང་གནས་ཚུལ་ཤེས་རྟོགས་བྱས་པ་བརྒྱུད་འཚོ་བའི་འགན་ལེན་དང་སྡེ་ཁུལ་གྱི་ཁོར་ཡུག་གཙང་སྦྲ་སོགས་ཐད་ཀྱི་ཡུལ་མིའི་དགོས་མཁོ་དུས་ཐོག་ཏུ་ཤེས་རྟོགས་བྱས་པ་མ་ཟད་དགོས་མཁོ་དེ་དག་དུས་ཐོག་ཏུ་ཐོ་འགོད་དང་ཐག་གཅོད་བྱས་ནས་གཞི་རིམ་གྱི་ཞབས་ཞུའི་རྣམ་པར་འགྱུར་ལྡོག་ནུས་ལྡན་དང་གཞི་རིམ་གྱི་ལས་བྱེད་པའི་སྤྱོད་ཚུལ་ལ་འགྱུར་ལྡོག་བཏང་སྟེ་སྔོན་ཆད་མང་ཚོགས་ཀྱིས་ཞབས་འདེགས་ཞུ་རྒྱུའི་རེ་བ་འདོན་རྒྱུར་བསྒུགས་པ་དེ་སྒོ་འགྲམ་དུ་རང་འགུལ་ངང་ཞབས་འདེགས་ཞུ་བར་བསྐྱོད་རྒྱུར་བསྒྱུར་བ་རེད།

    ཕྱར་བ་གྲུ་འདེགས་ངང་མཛེས་སྡུག་ལྡན་པའི་ཁོར་ཡུག་བཏོད་པ།

    ལྷོ་ངོས་གྲོང་ཚོའི་དུད་སྦྲེལ་དཔོན་ཀརྨས“གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་ཁྲོད་དུད་སྦྲེལ་དཔོན་གྱིས“ཁོར་ཡུག་མཉམ་གཏོད”ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་དེས་འགན་འཁུར་བའི་མཉམ་སྲུང་དུད་ཚན་ནང་གི་མང་ཚོགས་ཀྱིས་བཤད་པའི་གནད་དོན་ཐད“མང་ཚོགས་ཞུགས་པ་དང་མི་སེར་ལ་ཐག་གཅོད་དུ་བཅུག”སྟེ་མང་ཚོགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་བ་རེད།

    ཀརྨས་འགན་འཁུར་བའི་མཉམ་སྲུང་དུད་ཚན་དེ་ལྷ་ས་གྲོང་ཁྱེར་གྲའུ་ཐང་གྲོང་ཚོར་གནས་ནས་དེར་གད་སྙིགས་བཤོ་ས་གཏན་ནས་བསྐྲུན་མེད་པ་དང་ཉེ་འགྲམ་གྱི་འཚོ་བའི་གད་སྙིགས་ཡུན་རིང་གྲའུ་ཐང་གྲོང་མི་སྡོད་ཁུལ་དུ་བཤོས་ནས་གྲོང་མིའི་འཚོ་བ་དང་འགྲོ་སྐྱོད་ཐད་ཧ་ཅང་སྟབས་བདེ་མེད་པར་གྱུར་པ་རེད།

    “གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་སྤེལ་ཚུན་མང་ཚོགས་ཀྱིས་མཉམ་འབྲེལ་ཐོག་གནས་ཚུལ་དེ་དུད་སྦྲེལ་དཔོན་ལ་བཤད་པ་དང་ཀརྨས་ཀྱང་གང་མྱུར་དོན་དག་དེ་ཙུའུ་ཀྲང་གཞོན་པར་སྙན་སེང་ཞུས་པ་རེད། ཙུའུ་ཀྲང་གཞོན་པས་གནས་ཚུལ་གྱི་སྔ་རྐྱེན་ཕྱི་འབྲས་ཤེས་རྟོགས་བྱས་རྗེས་གྲོང་མི་ཚོའི་སྣེ་ཁྲིད་དེ་ས་གནས་ས་ཐོག་ནས་དཔང་པོ་བཙལ་བ་མ་ཟད་དཔང་པོ་བྱུང་བའི་འབྲས་བུ་དང་དེ་བཞིན་གནས་ཚུལ་བྱུང་རྐྱེན་རྣམས་ཡི་གེར་ཕབ་ནས་གོང་རིམ་གྲོང་ཚོ་ཨུ་ལྷན་དུ་ཕུལ་བ་དང་གྲོང་ཚོ་ཨུ་ལྷན་གྱིས་སྙན་ཞུ་ལེགས་སྒྲིག་བྱས་ནས་འབྲེལ་ཡོད་སྡེ་ཚན་ལ་ཕུལ་བ་རེད། ད་ཆ་གད་སྙིགས་བཤོ་ས་དེ་གཙང་སེལ་བྱས་པས་མང་ཚོགས་ཚོས་དེའི་ཐད་སེམས་ཁྲལ་བྱེད་དགོས་མེད་པར་གྱུར་པ་རེད།

    རྒན་རྒོན་ཐུབ་བསྟན་དང་འཇམ་དབྱངས་བཀྲ་ཤིས་གཉིས་ནས་གཅིག་ནི་ལོ་75དང་གཅིག་ཤོས་ནི་ལོ་69རེད། ལས་འཁྱུར་བྱས་རྗེས་སྔ་རྗེས་སུ་ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་བརྒྱད་གཅིག་སྡེ་ཁུལ་དུ་ནུས་པ་ལྷག་འཕྲོ་མུ་མཐུད་འདོན་སྤེལ་བྱེད་བཞིན་ཡོད། ལོ་བརྒྱད་རིང་རྒན་རྒོན་གཉིས་པོས་འོས་འགན་ངང་སྡེ་ཁུལ་ནས་གད་སྙིགས་དང་ཁྱི་སྐྱག་བསྒྲུགས་ནས་སྡེ་ཁུལ་གྱི་ཁོར་ཡུག་མཛེས་པོ་ཡོང་བ་བྱས་པས་སྡེ་ཁུལ་གྱི་མི་ཚང་མར་སེམས་འགུལ་ཐེབས་ཡོད་པ་རེད།

    2013ལོའི་ཟླ་བ་གསུམ་པར་རྒན་རྒོན་གཉིས་པོ་སྡེ་ཁུལ་མང་ཚོགས་ཀྱིས“གཉིས་ལྡན་དུད་སྦྲེལ”གྱི་དུད་སྦྲེལ་འཐུས་མིར་བདམས་པ་རེད། དུད་སྦྲེལ་འཐུས་མིར་བདམས་རྗེས་རྒན་རྒོན་གཉིས་པོས་སྡེ་ཁུལ་གྱི་ལས་དོན་ལ་སྔར་བས་སེམས་རྩ་འཁོལ་པོ་བྱས་ཏེ་སྡེ་ཁུལ་ནང་ཉིན་ལྟར་ཁོང་གཉིས་བྲེལ་འཚུབ་ཆེ་བའི་རྣམ་པ་མཐོང་རྒྱུ་ཡོད།

    ད་ཆ་རྒན་རྒོན་གཉིས་པོ་སྡེ་ཁུལ་གྱི་མི་སྣ་གྲགས་ཅན་དུ་གྱུར་པ་དང་ཚང་མས་ཁོང་གཉིས་ལ་གུས་ཞབས་བྱས་ཏེ་ལོ་ན་རྒས་པས་ངལ་གསོ་བརྒྱབ་སྟེ་ཚ་བོ་ཚ་མོའི་བདེ་སྐྱིད་ལོངས་སུ་སྤྱོད་རྒྱུའི་ཁ་ཏ་བསླབ་བྱ་རྒྱག་གི་ཡོད། འོན་ཀྱང་རྒན་རྒོན་གཉིས་པོས་མགྲིན་གཅིག་ཏུ“ལོ་མཐོ་པོ་ཡིན་རུང་ད་དུང་འགུལ་ཐུབ་པས་ཚང་མའི་ཆེད་དུ་བྱ་བ་ཕྲན་བུ་སྒྲུབ་ཐུབ”ཅེས་ཤོད་ཀྱི་ཡོད་པ་རེད།

    འབབ་འཕར་ཕྱུག་འགྱུར་གྱི་སྣེ་ཁྲིད་པ།

    ལྷོ་ངོས་གྲོང་ཚོའི་དྲ་མིག་གཉིས་པའི་ཡུལ་མི་ཚེ་འཕེལ་ལ་རི་མོ་འབྲི་བ་དང་མཛེས་བཟོ་སོགས་བྱེད་པའི་ཐད་ཉམས་མྱོང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་ཁོང་གིས་གྲོང་ཚོ་དེའི་ནང་འབྲེལ་ཡོད་རྩལ་ནུས་ལྡན་པའི་གྲོང་མི་དང་མཉམ་འབྲེལ་གྱིས་ཐུན་མོང་ཐོག་མ་དངུལ་བཏོན་ནས་མཉམ་ལས་ཁང་བཙུགས་ཏེ་ལྷོ་ངོས་གྲོང་ཚོའི་དཔལ་འབྱོར་གོང་འཕེལ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་འདོད་ཡོད།

    ཚེ་འཕེལ་གྱིས་བསམ་ཚུལ་དེ་དུད་སྦྲེལ་དཔོན་ཆོས་སྒྲོན་ལ་བཤད་རྗེས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཚོགས་འདུ་འཚོགས་ནས་གྲོས་བསྡུར་བྱས་རྗེས་དུད་སྦྲེལ་དཔོན་གྱི་ཚོགས་ཆེན་འཚོག་རྒྱུའི་ཐག་བཅད་པ་དང་ཚེ་འཕེལ་གྱི་བསམ་ཚུལ་དེ་དུད་སྦྲེལ་དཔོན་ཚང་མས་ཤེས་པར་བྱས་པ་མ་ཟད་དུད་སྦྲེལ་དཔོན་གྱིས་ཁོངས་གཏོགས་ཁུལ་གྱི་མཉམ་སྲུང་དུད་ཚན་ནང་གི་གྲོང་མི་ཚོའི་དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་བྱས་ནས་ཤེས་བྱ་ཡོད་པ་དང་། ལག་རྩལ་ཡོད་པ། མ་དངུལ་ཡོད་པ་བཅས་ཀྱི་གྲོང་མི་རྣམས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ནང་ཧུར་ཐག་ཞུགས་རྒྱུའི་སྐུལ་ལྕག་གཏོང་དགོས་པའི་རེ་བ་བཏོན་པ་རེད།

    གནས་ཚུལ་དྲིལ་བསྒྲགས་བྱས་འཕྲལ་དང་ལེན་བྱེད་མཁན་ཡག་པོ་བྱུང་ནས་མང་ཚོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་ཚེ་འཕེལ་དང་འབྲེལ་གཏུག་བྱས་ནས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ནང་ཞུགས་རྒྱུའི་རེ་བ་བཏོན་ཡོད། ཟླ་བ་གཅིག་ཙམ་རིང་གྲ་སྒྲིག་བྱས་པ་བརྒྱུད་ཞིང་པའི་མཉམ་ལས་ཁང་ལ་དངོས་སུ“ཚེ་འཕེལ་མི་རིགས་ལག་ཤེས་བཟོ་ལས་ཆེད་ལས་མཉམ་ལས་ཁང”ཞེས་པའི་མིང་བཏགས་པ་དང་ཁོངས་མི་56གིས་ཐུན་མོང་ཐོག་མ་དངུལ་སྒོར་ཁྲི་56བཏོན་ཏེ་ད་ཆ“ཚེ་འཕེལ་མི་རིགས་ལག་ཤེས་བཟོ་ལས་ཆེད་ལས་མཉམ་ལས་ཁང”ལ་ལས་གཉེར་ལག་ཁྱེར་དང་ཁྲལ་དོན་ཐོ་འགོད་ལག་ཁྱེར་བདེ་བླག་ངང་རག་པ་མ་ཟད་ཁོངས་མི་ཚོས་ཚེ་འཕེལ་གྱི་སྣེ་ཁྲིད་འོག་གོ་རིམ་ལྡན་པའི་སྒོ་ནས་ལས་གཉེར་བྱེད་འགོ་བཙུགས་ཏེ་མི་སྒེར་གྱི་ཡོང་འབབ་གོང་མཐོར་བརྟན་པོ་ཡོང་བ་བྱེད་བཞིན་ཡོད།

    དོག་སྡེ་ཤང་ལྷོ་ངོས་གྲོང་ཚོའི་ཆུང་བདག་གིས་ཐོག་མཐའ་བར་གསུམ་དུ་ཡུལ་སྐོར་རླངས་འཁོར་བཏང་ནས་ཁྱིམ་ཚང་གི་དཔལ་འབྱོར་ཡོང་འབབ་མང་དུ་གཏོང་འདོད་ཆེན་པོ་ཡོད་ཀྱང་མ་དངུལ་མི་འདང་བའི་དབང་གིས་སྒྲུབ་ཐབས་བྲལ་བ་རེད། དུད་སྦྲེལ་འཐུས་མི་བྱམས་པའི་སྣེ་ཁྲིད་འོག་ཆུང་བདག་གིས་དུད་སྦྲེལ་ཚན་པའི་ནང་གི་དུད་ཚང་གཞན་གསུམ་གྱི་གྲོང་མི་དང་ཡིད་རྟོན་དངུལ་བུན་གྱི་མཉམ་སྲུང་ཚོགས་ཆུང་ཆ་སྒྲིག་བྱས་ཏེ་དངུལ་བུན་སྒོར་ཁྲི་15བདེ་བླག་ངང་གཡར་ཐུབ་པ་བྱུང་བ་རེད། མིག་སྔར་ཆུང་བདག་གིས་ཡུལ་སྐོར་རླངས་འཁོར་ཉོས་ནས་ཡུལ་སྐོར་ལས་རིགས་ཀྱི་གཉེར་སྐྱོང་ནང་ཞུགས་པ་དང་ཚོད་རྩིས་བྱས་ན་ལོར་ཡོང་འབབ་སྒོར་ཁྲི་6ཟིན་རེ་ཡོད་པ་རེད།

    མིག་སྔའི་བར་ཁྲེང་ཀོན་ཆུས་ཀྱིས་དཔལ་འབྱོར་མཉམ་ལས་དང་མཉམ་སྡེབ་རྩ་འཛུགས་22བཙུགས་པར་གྲངས་ཉུང་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་སྒོར་ཁྲི་2045.5བྱས་པ་དང་། ལས་ཞུགས་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་ཐེངས་974བྱས་ནས་མི་500ཙམ་ལས་ཞུགས་ཐུབ་པ། ཉམས་ཞན་ཚོགས་སྤྱི་མི་ཐེངས་3464ལ་རོགས་སྐྱོར་བྱས་པ། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ཐེངས་1457བྱས་པ་རེད།

    ཤེས་དཔལ་སྲོལ་གསར་དར་བ།

    ཀུན་བདེ་གླིང་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་གྱི“གཉིས་ལྡན་དུད་སྦྲེལ”གྱི་དུད་སྦྲེལ་འཐུས་མི་ཟ་མ་ལ་དུད་སྦྲེལ་ཚན་པར་གནས་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད་སྐབས་ཁང་པ་ཞིག་གི་སྒོ་རྦད་དེ་མ་བརྒྱབ་པར་དེའི་ནང་དོགས་འཆར་ཡོད་པའི་མི་གཉིས་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་དུ་བ་འཐེན་བཞིན་ཡོད་པ་རྟོགས་སྐབས་འཕྲལ་མར་ཁོང་གིས་སྡེ་ཁུལ་གྱི་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་བརྡ་བཏང་བ་རེད། མི་དམངས་ཉེན་རྟོག་པས་གྲལ་བཤེར་བྱས་པ་དང་ས་གནས་ས་ཐོག་གི་དཔང་རྟགས་ཐོག་ནས་དོགས་ཡོད་ཉེས་ཅན་གཉིས་པོ་དུག་འཐེན་པ་དང་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད་འཕྲལ་མར་འཛིན་བཟུང་བྱས་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་ཁོར་ཡུག་གཙང་སེལ་བྱས་པ་རེད།

    བཅིངས་འགྲོལ་ནུབ་ལམ་གྱི་ཁྲོམ་གཞུང་ནོར་སྟོད་སྡེ་ཁུལ་གྱི་དུད་སྦྲེལ་འཐུས་མིས་རྒྱུན་གཏན་གྱི་གནས་ཚུལ་ཤེས་རྟོགས་བྱེད་སྐབས་ཁོངས་གཏོགས་ཁུལ་གྱི་བདུན་གཅིག་ཞིང་རའི་ཁུལ་ཆུང་གསུམ་པའི་ཁང་སྟར་Aཡི་ཁང་པ་ཨང་2པར་བཟའ་བཅའ་ལས་སྣོན་གྱི་ཡོ་བྱད་སྣ་ཚོགས་བཞག་ཡོད་ཀྱང་། ལས་གཉེར་ལག་ཁྱེར་ཡུན་རིང་པོར་བཀལ་མེད་པ་རྟོགས་པས་བཟའ་བཅའ་རྫུས་བཟོའི་ནག་ཚང་ཞིག་ཡིན་པར་དོགས་པ་སྐྱེས་ཤིང་། དུད་སྦྲེལ་འཐུས་མིས་གནས་ཚུལ་དེ་ལམ་སེང་དྲ་མིག་མི་དམངས་ཉེན་རྟོག་པ་དང་སྡེ་ཁུལ་གྱི་འགོ་ཁྲིད་ལ་སྙན་སེང་ཞུས་པ་རེད། ས་ཆ་དངོས་སུ་བརྟག་དཔྱད་བྱས་པ་བརྒྱུད་ཁྲིམས་འཛིན་སྡེ་ཚན་གྱིས་དེ་མ་ཉིད་དུ་ཚགས་ཤ་སྐམ་པོ་རྫུས་ལྷད་ཅན་སྒམ་310དང་། ཚོང་རྟགས་རྫུས་མ་སྒམ་1 བཟའ་བཅའ་ཐུམ་སྒྲིལ་སྤྱི་རྒྱ་50.4བཅས་རྩད་ཆོད་པ་མ་ཟད། དེ་ག་ནི་ཚགས་ཤ་སྐམ་པོ་རྫུས་མ་ཆེད་མངགས་བཟོ་ཡུལ་ཞིག་ཡིན་པར་གཏན་འཁེལ་བྱས་ཡོད། ད་ཆ་ནག་ཚང་དེའི་སྒོ་བརྒྱབ་པ་མ་ཟད་འབྲེལ་ཡོད་རྫུས་བཟོ་དང་རྫུས་བཟོ་བྱེད་མཁན་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིད་ནས་བརྟག་དཔྱད་གང་ལེགས་བྱས་པ་དང་། ཚོང་ཟོག་དག་གྲོང་ནུབ་བཟོ་ཚོང་རུ་ཆེན་དུ་སྤྲད་ནས་ཐག་གཅོད་སྔར་བས་ཏན་ཏིག་བྱེད་བཞིན་ཡོད་པ་རེད།

    རྔ་ཆེན་ཤང་གཙང་རལ་སྡེ་ཁུལ་གྱི་དུད་སྦྲེལ་འཐུས་མིས་སྐོར་འདྲི་བྱེད་སྐབས་ཁོངས་གཏོགས་ཁུལ་གྱི་ཁང་སྟར་22པའི་ཁང་པ་ཞིག་ཏུ་མེ་ཤོར་བ་མཐོང་སྐབས་ཉེ་འཁོར་གྱི་མང་ཚོགས་རང་སར་ཁ་བཀྲམ་རྗེས་མེ་ཟོན་119ཡི་མེ་ཟོན་ཉེན་རྟོག་པར་ཉེན་བརྡ་སྐྱེལ་བའི་ཁ་པར་བརྒྱབ་པ་མ་ཟད། མེ་སྐྱོན་དེ་སྡེ་ཁུལ་གྱི་ཡུལ་མི་ཨུ་ལྷན་དང་རྔ་ཆེན་ཤང་ཏང་ཨུད་དང་སྲིད་གཞུང་ལ་སྙན་སེང་ཞུས་ཤིང་། ཀུན་གྱིས་འབད་བརྩོན་ལྷོད་མེད་བྱས་ནས་མེ་ཟོན་དཔོན་དམག་མ་ཡོང་གོང་མེ་ཆེན་བདེ་བླག་ངང་བསད་པ་རེད། མེ་དུས་ཐོག་ཏུ་བསད་པས་རྒྱུ་ནོར་ཁག་གཅིག་ལ་གྱོང་གུན་ཕོག་པ་ཕུད་མི་ལ་འཆི་རྨས་བྱུང་མེད་པ་རེད།

    ཁྲེང་ཀོན་ཆུས་གསར་གཏོད་གཞུང་ལས་ཁང་གི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། “གཉིས་ལྡན་དུད་སྦྲེལ”གྱི་ལས་ཀ་སྒྲུབ་སྟངས་ལ་བརྟེན་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི“བདེ་འཇགས་སྒོ་མོ”དང“སྙོམས་སྒྲིག་ཡོ་བྱད”བྱས་ཏེ་སྡེ་ཁུལ་གྱི་དྲ་མིག་ལས་དོན་མི་སྣ་དང་། ཡུལ་མིའི་ཙུའུ་ཀྲང་གཞོན་པ། སྡེ་ཁུལ་གྱི་བདེ་སྲུང་མི་སྣ། དུད་སྦྲེལ་འཐུས་མི་སོགས་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་སྐོང་འཐེན་གང་ལེགས་ཀྱིས“སྡེ་ཁུལ་གྱི་ཉེན་རྟོག་ཁང་དང་། དྲ་མིག དུད་སྦྲེལ་ཚན་པ། མང་ཚོགས་དཀྱུས་མ”བཅས་རིམ་བཞི་མཉམ་འགུལ་གྱི་སྔོན་ཟོན་དྲ་མིག་ཅིག་ཆགས་པར་བྱས་ཏེ་ཁྲོམ་གཞུང་ཆེ་ཆུང་ཀུན་ཏུ་ལྟ་མཁན་ཡོད་པ་དང་དོན་དག་ཆེ་ཆུང་གང་ལའང་དོ་དམ་བྱེད་མཁན་ཡོད་པའི་ཁོར་ཡུག་ཡག་པོ་ཞིག་ཆགས་པ་རེད།

    བསྡོམས་རྩིས་ལས་མངོན་པ་ལྟར་ན། 2013ལོ་ནས་བཟུང་ཁྲེང་ཀོན་ཆུས་ཀྱི་ཉེས་དོན་གྱོད་གཞི་ཐོན་ཚད་དུས་མཚུངས་ལས་42%ཆག་པ་དང་། བདེ་འཇགས་གྱོད་གཞི་ཐོན་ཚད་དུས་མཚུངས་ལས་75%ཆག་པ། དམངས་ཕན་སྲིད་ཇུས་ཐེངས་2173ལ་དྲིལ་བསྒྲགས་བྱས་པ། སྐོར་གཡེང་སྐོར་སྲུང་ཐེངས་324བྱས་པ། དམངས་འཚོའི་ཆ་འཕྲིན་648བསྡུས་པ། མཉམ་འདོམས་མཉམ་སློབ་མི་ཐེངས་1104ལ་བྱས་པ། འགལ་བ་དང་རྩོད་གཞི་ཁག་268འདུམ་པ། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་1356ལ་གྲལ་བཤེར་དང་ཐག་གཅོད་བྱས་པ་བཅས་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག