མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཝུའུ་དབྱིང་ཅེས་ཀྲུང་དབྱང་རྩ་འཛུགས་པུའུ་དང་། ནོར་སྲིད་པུའུ། མི་ཤུཌ་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱི་མཉམ་འབྲེལ་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་དང་མཇལ་འཛོམས་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-16 09:46

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་13ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེས་ལྷ་སར་ཀྲུང་དབྱང་རྩ་འཛུགས་པུའུ་དང་། རྒྱལ་ཁབ་ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱི་འགན་ཁུར་བློ་མཐུན་ལས་གྲུབ་པའི་བརྟག་ཞིབ་ཚོགས་ཆུང་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱི་ཚབ་ཞུས་ཏེ་བརྟག་ཞིབ་ཚོགས་ཆུང་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཀྲུང་དབྱང་རྩ་འཛུགས་པུའུ་དང་། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས། ཁོང་གིས་ཉེ་བའི་ལོ་ཤས་ནང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་དབྱང་རྩ་འཛུགས་པུའུ་དང་། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཚུད་པའི་ཀྲུང་དབྱང་ལས་ཁུངས་དང་རྒྱལ་ཁབ་པུའུ་ཨུད་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་། ཁེ་ལས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་ནན་ཏན་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཐབས་ཇུས་གལ་ཆེ་རབ་དང་རིམ་པ་གཏན་འཁེལ་བྱས་པས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལེགས་ལ་མྱུར་བ་དང་། དམངས་འཚོ་མུ་མཐུད་ལེགས་གཏོང་། སྣོད་བཅུད་ཁོར་ཡུག་བཟང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན། ཆོས་ལུགས་འཆམ་མཐུན་ལམ་ལྷོངས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་ཕྱིན་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་མཇུག་ཏུ་བརྟག་ཞིབ་ཚོགས་ཆུང་བཅས་པ་བོད་དུ་བཞུགས་རིང་མང་ཙམ་ཕེབས་པ་དང་། མང་ཙམ་གཟིགས་པ། དགོངས་འཆར་མང་ཙམ་འདོན་རྒྱུའི་རེ་བ་ཡོད་ལ་ཀྲུང་དབྱང་རྩ་འཛུགས་པུའུ་དང་། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་མུ་མཐུད་ང་ཚོར་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་མཐུན་སྦྱོར་དང་དོན་འཁྱོལ་ལེགས་པར་གནང་རོགས་དང་། སྔ་རྒྱུན་གཞིར་བཞག་བོད་ཀྱི་ལས་དོན་ཁག་ལ་རོགས་སྐྱོར་གནང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་ལ་ནུས་ལྡན་གྱི་འདེགས་སྐྱོར་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཀྲུང་དབྱང་རྩ་འཛུགས་པུའུ་ལས་བྱེད་ཅུས་དང་པོའི་ཅུས་ཀྲང་གཞོན་པ་ཀུའོ་ཧའེ་ཧྭ་ཡིས་ཐེངས་འདིའི་བརྟག་ཞིབ་ཚོགས་ཆུང་གི་ལས་ཀའི་དམིགས་ཡུལ་ངོ་སྤྲོད་མདོར་བསྡུས་གནང་བ་དང་། ཁོང་གིས་བརྟག་ཞིབ་ཚོགས་ཆུང་དང་བཅས་པས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཧྲིལ་པོའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། གནས་ཚུལ་ཤེས་རྟོགས་གང་ལེགས་བྱས་ནས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་20འཁོར་བ་གོ་སྐབས་དང་སྒུལ་ཤུགས་སུ་བརྩིས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བོད་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་པའི་ཐོག་ནས་ལས་ཀའི་བསམ་ཕྱོགས་སྔར་བས་གསར་གཏོད་དང་། ལས་ཀ་བྱེད་ཐབས་ལེགས་སུ་བཏང་སྟེ་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་ཆེད་ནུས་པ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།

    (པ་སྒྲོན་གྱིས་བསྒྱུར། ཀུན་བསོད་ཀྱིས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག