མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-15 10:57

    རྗེ་ས་པཎ་གྱི་རོལ་མོའི་བསྟན་བཅོས་ལས། དད་ལྡན་རྣམས་ཀྱི་མཆོད་པ་དང་། བཀྲེས་པ་རྣམས་ཀྱི་འཚོ་བ། ཆགས་ཅན་རྣམས་ཀྱི་ཡིད་གཡོ་བ། དེ་ཀུན་རོལ་མོ་མཁས་ལས་བྱུང་། ཞེས་གསུངས་པ་ལྟར་རོལ་དབྱངས་ནི་མི་རྣམས་ཀྱི་ལུས་སེམས་བདེ་བ་དང་། སེམས་བག་ཡངས་ལ་སྡུག་བསྔལ་སེལ་བ། སྤྲོ་སྣང་འཕེལ་བ་བཅས་ཀྱི་ཁྱད་ཆོས་དུ་མ་ལྡན་ཡོད། སྤྱིར་རོལ་མོ་ནི་མིའི་རིགས་ཀྱི་འཚོ་བ་དང་ཁ་བྲལ་ཐབས་མེད་པའི་ཐོག་བོད་ས་མཐོ་ནི་གླུ་གར་གྱི་རྒྱ་མཚོར་འབོད་པ་ལྟར་བོད་མི་རིགས་ཀྱི་གླུ་གར་གྱི་སྒྱུ་རྩལ་ཕུན་སུམ་ཚོགས་པ་ནི་མི་རིགས་གཞན་གྱི་ཁྲོད་དུ་མཐོང་དཀོན་པ་ཞིག་ཡིན་ལ། དེ་དང་འབྲེལ་བའི་རོལ་མོའི་རྣམ་གྲངས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པོ་དར་ཁྱབ་བྱུང་ཡོད།

    དེ་ཡང་བོད་དུ་ནང་ཆོས་དར་འཕེལ་ཤུགས་ཆེན་བྱུང་བ་དང་སྦྲགས་མཆོད་པའི་ལྷ་མོ་བདུན་དང་རྒྱལ་ཆེན་སྡེ་བཞི་སོགས་ཀྱི་ཕྱག་ཚན་ནས་བོད་དུ་རིམ་བཞིན་རོལ་མོ་སྣ་ཚོགས་དར་ཁྱབ་བྱུང་བར་གྲགས་པས་རོལ་མོ་སྣ་ཚོགས་ཐོགས་པའི་ལྷ་སྐུ་བཞེངས་སྲོལ་དར་བ་དེས་བོད་དུ་རོལ་མོའི་བྱེ་བྲག་དར་ཁྱབ་འགྲོ་རྒྱུར་སྐུལ་འདེད་ཆེན་པོ་ཐེབས་ཡོད། ལྷག་དོན་དུ་རོལ་མོའི་བྱེ་བྲག་ཅི་འདྲ་ཞིག་ཡིན་རུང་སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་ཁོངས་སུ་གཏོགས་པ་ཞིག་ཡིན་ཞིང་། བོད་དུ་ད་དུང་དུང་དཀར་དང་། དུང་ཆེན། རྒྱ་གླིང་དང་རྐང་གླིང་། རྫ་རྔ། ཌ་མ་རུ། དེ་བཞིན་ཏིང་ཤགས་དང་སིལ་སྙན་སོགས་ཀྱང་སྤྱོད་ཀྱི་ཡོད།

    ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཁྲོད་ནང་ཆོས་ཀྱི་ཤུགས་རྐྱེན་ཐེབས་ཀྱང་རུང་། བོད་རང་གིས་གསར་བཟོ་བྱས་ཀྱང་རུང་། མི་རིགས་གཞན་གྱི་ལེགས་ཆ་བསྡུས་ཀྱང་ཆོག ད་ལྟའི་ཆར་བོད་ཀྱི་གླུ་གར་གྱི་རྣམ་གྲངས་སྤྱི་དང་རོལ་མོའི་བྱེ་བྲག་ཕུན་སུམ་ཚོགས་པ་ནི་འཛམ་གླིང་གི་རོལ་དབྱངས་མཁས་་ཅན་མང་པོའི་བློ་ཁ་ཕྱོགས་ཡུལ་དང་ཞིབ་འཇུག་བྱེད་གཞིར་གྱུར་ཡོད་ལ་རིགས་གཞུང་ཐོག་ནས་གླེང་རུང་རོལ་མོའི་ཆ་ལག་བཅོ་བརྒྱད་དང་། དབྱངས་ཀྱི་ངེས་པ་བདུན། གར་གྱི་ཆ་བྱད་དགུ་ལ་སོགས་ཡོངས་སུ་ཚང་བའི་རིགས་གཞུང་མ་ལག་ཅིག་རྒྱུན་འཛིན་བྱེད་དང་བྱེད་བཞིན་ཡོད་དོ།

    སྒྲ་སྙན།བོད་དུ་དར་ཁྱབ་ཆེ་ཤོས་ཀྱི་རོལ་ཆ་།

    སྒྲ་སྙན་ནི་རྒྱུད་8དང་། རྒྱུད་16རྒྱུད་20རྒྱུད་6སོགས་རིགས་འགའ་ཞིག་ཡོད་པའི་ནང་རྒྱུད་6ནི་ཁྱབ་ཆེ་ཤོས་ཡིན་པ་རེད།

    བོད་ལྗོངས་གླུ་གར་ཚོཌ་པའི་ཨན་ཀུའེ་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྒྲ་སྙན་གྱི་རིང་ཚད་ལ་སྨི་1ལྷག་ཙམ་ཡོད་པ་དང་སྒྲ་སྙན་ཞིང་། འཁྱེར་བདེ་པོ་ཡོད། “བོད་དུ་མི་མང་པོ་ཞིག་གིས་སྒྲ་སྙན་གཏོང་ཤེས་ཀྱི་ཡོད་ལ། ལྷོ་ཁ་དང་། ལྷ་ས། ཉིང་ཁྲི་སོགས་ཚང་མར་སྒྲ་སྙན་མཐོང་རྒྱུ་ཡོད”ཅེས་བཤད།

    ད་ཆའི་གར་སྟེགས་ཐོག་སྒྲ་སྙན་ནི་མེད་དུ་མི་རུང་བའི་རོལ་ཆ་ཞིག་ཡིན་ཞིང་། ཨན་ཀུའེ་མིང་གིས“ང་ཚོ་གླུ་གར་ཚོགས་པའི་ནང་རོལ་ཆ་དཀྲོལ་མཁས་ཅན་ཁག་གཅིག་ཡོད་པ་དང་ཁོང་ཚོས་སྲོལ་རྒྱུན་གྱི་རོལ་ཆ་དཀྲོལ་ཤེས་པ་མ་ཟད་དེང་དུས་ཀྱི་ཕྱི་གླིང་བའི་རོལ་ཆ་ཡང་དཀྲོལ་ཤེས་ཀྱི་ཡོད། སྐབས་འགར་ང་ཚོའི་རོལ་ཆ་དཀྲོལ་མཁས་ཅན་གྱིས་ནང་སྦྱོང་བྱེད་སྐབས་དཀའ་ངལ་འཕྲད་ན་ང་ཚོས་སྒྱུ་རྩལ་པ་རྒན་རབས་ལ་བཀའ་འདྲི་ཞུ་གི་ཡོད། རྒྱུན་གཏན་གྱི་འཁྲབ་སྟོན་ནང་ཁོང་ཚོས་སྲོལ་རྒྱུན་གྱི་རོལ་ཆ་དེ་རྣམ་པ་གསར་པའི་ཐོག་ནས་དཀྲོལ་གཏོང་བྱེད་ཀྱི་ཡོད”ཅེས་བཤད་པ་དང་ཁོང་གིས་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་རོལ་ཆ་གཏོང་མཁས་ཅན་ཚོས་སྲོལ་རྒྱུན་གྱི་རིག་གནས་རྒྱུན་འཛིན་བྱས་ནས་བོད་རིགས་ཀྱི་རིག་གནས་དར་སྤེལ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག