མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བརྩེ་སེམས་ཆབ་རྒྱུན།

དོན་དངོས་བསྒྲུབས་ནས་དམངས་སེམས་བསྡུས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-13 10:54

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀོ་ཁྱིམ་གྲོང་ཚོའི་དྭ་ཕྲུག་ཅིག་སློབ་ཆེན་ལ་རྒྱུགས་ལོན་དུས། འཇིགས་རྡོར་གྱིས་སྒོར་8000བཏང་ནས་སློབ་སྐྱོར་བྱས་པ་དང་། ཀོ་ཁྱིམ་གྲོང་ཚོའི་འབྲོག་པ་ན་ནས་སྨན་ཁང་དུ་འགྲོ་དགོས་ཚེ། འཇིགས་རྡོར་གྱིས་རང་ཉིད་ཀྱི་ལྗིད་ཐེག་རླངས་འཁོར་ཆུང་བ་བཏང་ནས་སྨན་ཁང་དུ་སྐྱེལ་བ་མ་ཟད། སྔ་རྗེས་སུ་སྒོར་ཁྲི་10ལྷག་ཙམ་སྔ་རྟིང་བཏང་བ་རེད།

    འཇིགས་རྡོར་ནི་འདམ་གཞུང་རྫོང་ལུང་རིང་ཤང་ཀོ་ཁྱིམ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་རེད། ཀོ་ཁྱིམ་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དེར་སེམས་གཏིང་ནས་རྗེས་སུ་ཡི་རང་ཞུ་བཞིན་དུ“ཁོང་ནི་བྱེད་ཕོད་པ་དང་འཇོན་ཐང་ཆེ་བའི་མི་ཞིག་རེད། འགོ་ཁྲིད་འདི་ལྟ་བུར་ང་ཚོས་སེམས་གཏིང་ནས་བརྩི་བཀུར་ཞུ་གི་ཡོད”ཅེས་བཤད།

    2006ལོར་རྫོང་ཡོངས་ལ་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་ཚུན། འཇིགས་རྡོར་གྱིས་མང་ཚོགས་ཀྱི་འགྲོ་གྲོན་ཆུང་དུ་གཏོང་ཆེད། ལམ་གྲོན་རང་ཉིད་ཀྱིིས་བཏང་ནས་ལྷ་ས་གྲོང་ཁྱེར་དང་འདམ་གཞུང་རྫོང་གི་སོ་ཕག་བཟོ་གྲྭར་ཐེངས་མང་བསྐྱོད་དེ་སོ་ཕག་བཟོ་གྲྭའི་འགན་འཁུར་བ་དང་གོང་ཡང་ཡང་བསྒྲིགས་མཐར། འདམ་གཞུང་རྫོང་སོ་ཕག་བཟོ་གྲྭ་ནས་སོ་ཕག་རེར་སྒོར་2.5དང་སོ་ཕག་རེར་དབོར་གླ་སྒོར་0.8བྱས་ནས་ཉོས་མོད། འོན་ཀྱང་ཁོང་གི་སེམས་སུ་རིན་གོང་དང་ལྷག་པར་དུ་དབོར་གླ་མཐོ་སོང་སྙམ་ནས་སོ་ཕག་བཟོ་གྲྭ་ཞིག་འཛུགས་རྒྱུ་ཐག་བཅད། ཕྱོགས་མང་པོ་ནས་མ་དངུལ་བསྡུས་ཏེ་ཀོ་ཁྱིམ་གྲོང་ཚོས་དུས་འགོའི་གྲྭ་སྒྲིག་འགྲོ་གྲོན་སྒོར་ཁྲི་15བཏང་ནས་བཟོས་པའི་སོ་ཕག་རེར་མ་གནས་ཁག་ཕུད། སྒོར་1.5ནས་སྒོར་1.7ཙམ་ཡིན་པ་དང་། ཕྱིར་ཚོང་རིན་གོང་སྒོར་1.8ལྟར་བརྩིས་ན(མང་ཚོགས་ཀྱིས་དབོར་གླ་སྤྲོད་དགོས་མེད)མང་ཚོགས་ཀྱིས་སོ་ཕག་རེ་ནས་སྒོར་1གྲོན་ཆུང་ཐུབ་ཀྱི་ཡོད། ཀྱག་ཀྱོག་དང་དཀའ་ཚེགས་ཆེ་བའི་སོ་ཕག་ཉོས་པ་ནས་བཟོ་གྲྭ་བཙུགས་པའི་བརྒྱུད་རིམ་ནང་འཇིགས་རྡོར་གྱིས་ཕྱི་མིའི་མདུན་དུ་མི་སེར་སྣ་ཅན་ཞིག་ཡིན་པའི་བག་ཆགས་བཞག་པ་དང་། ཀོ་ཁྱིམ་གྲོང་ཚོའི་འབྲོག་པ་མང་ཚོགས་ཀྱི་སེམས་སུ་མི་འཇོན་ཐང་ཅན་ཞིག་ཡིན་པའི་བག་ཆགས་བཞག

    འཇིགས་རྡོ་གྱིས་སྣེ་ཁྲིད་འོག ཀོ་ཁྱིམ་གྲོང་ཚོ་ཏང་ཀྲི་པུས“བྱ་བ་དངོས་སྒྲུབ་པའི”བྱ་ཐབས་ལ་བརྟེན་ནས“མང་ཚོགས་ཀྱི་སེམས་པ་འདུ་བའི”དམིགས་ཚད་གྲུབ་པར་བྱས་པ་དང་། བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། བྱ་བཟང་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་པས། ཏང་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་དམ་ཟབ་ཏུ་སོང་ཡོད། ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་རྒྱལ་ཁབ་ཀྱི་ཁ་གསབ་དང་ཟུང་འབྲེལ་བྱེད་པའི་རྨང་གཞིའི་ཐོག འཇིགས་རྡོར་གྱིས་དཀའ་ངལ་ཆེ་བའི་ཁྱིམ་ཚང་3ལ་ཁ་གསབ་སྒོར་6000སྤྲད་ནས་ཁང་པ་གསར་པ་3བརྒྱབ་པ་རེད། དངུལ་ཁང་གི་དངུལ་བུན་འཇལ་མ་ཐུབ་པའི་ཁྱིམ་ཚང་དང་དཀའ་ངལ་ཧ་ཅང་ཆེ་བའི་ཁྱིམ་ཚང་དབུལ་པོར། འཇིགས་རྡོར་གྱིས་དངུལ་ཁང་གི་དངུལ་བུན་སྔ་རྗེས་སུ་སྒོར་ཁྲི་5ལྷག་ཙམ་སྔ་རྟིང་དུ་འཇལ་རོགས་བྱས་ཀྱང་སྐྱེད་ཀ་ཡེ་ནས་བརྩི་གི་མེད།

    2012ལོར་རྩ་འཛུགས་ཀྱིས་དཔྱད་ཞིབ་བྱས་པ་བརྒྱུད། འཇིགས་རྡོར་ལུང་རིང་ཤང་ཏང་ཨུད་ཀྱི་ཨུ་ཡོན་ལ་བསྐོས་ཏེ་ཁོའོ་རིམ་པ་གཞོན་པའི་ཐོབ་ཐང་སྤྲད་པ་རེད། 2014ལོར་ཁོང་གིས་ཁ་གསབ་བྱས་པའི་ཟླ་ཕོགས་ནས་སྒོར་ཁྲི་3ལྷག་ཙམ་བཏོན་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་བྱས་པ་དང་དུས་མཚུངས། ཟླ་རེའི་ཟླ་ཕོགས་ཀྱི་30%རོགས་སྐྱོར་བྱེད་སྒོར་གཏོང་རྒྱུའི་ཁས་ལེན་བྱས་པ་རེད།

    ཚེ་གང་སྒྱུ་རྩལ་ལས་ལ་གཞོལ་བའི་བགྲེས་སོང་ཞིག་གི་ཕུགས་འདུན་།

    ཁོང་གི་དགོད་བྲོའི་གཏམ་གླེང་བསྟན་བཤིག་ཚ་ལ་སློབ་གསོའི་དོན་སྙིང་ཧ་ཅང་ཟབ། ཁོང་གི་འཁྲབ་སྟོན་ལས་མི་རིགས་ཁག་གི་མི་དམངས་ལ་སྤྲོ་སྣང་ཚད་མེད་སྦྱིན་ལ། བོད་ཀྱི་ཡུལ་ལུང་གང་སར་སྐད་གྲགས་ཆོད། ཁོང་ནི་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་པའི་སྒྱུ་རྩལ་མཁས་ཅན་ཐུབ་བསྟན་ལགས་རེད།

    ད་ལོ་དགུང་ལོ་80རུ་སོན་པའི་བགྲེས་སོང་ཐུབ་བསྟན་ལགས་ཀྱིས་ལྷ་ས་གྲོང་ཁྱེར་བགྲེས་སོང་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་དང་། ཀྲུང་གོའི་གཞས་མ་གཏམ་སྒྱུ་རྩལ་མཐུན་ཚོགས་ཀྱི་བློ་འདྲི་ས། བོད་ལྗོངས་གཞས་མ་གཏམ་སྒྱུ་རྩལ་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་བཞིན་ཡོད། ཁོང་གིས་མི་ལོ་80ནང་བཅུ་ཆ་དགུ་ཙམ་སྒྱུ་རྩལ་གྱི་ལས་ལ་གཞོལ་ཞིང་། འཚོ་བ་དང་གར་སྟེགས་ཐོག་གི་ཐུབ་བསྟན་ལགས་ནི་སྔར་བཞིན་སྐུ་གཟུགས་ཐང་ལ་བསྟན་བཤིག་ཚ་པོ་ཡོད།

    ཐུབ་བསྟན་ལགས་1934ལོར་ལྷ་སར་འཁྲུངས་ཤིང་། 1941ལོར་ལྷ་སའི་ཀུན་བདེ་གླིང་དགོན་པར་དཔེ་ཆ་སྦྱངས་པ་དང་། ཆུང་དུས་ནས་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་ལ་ཤིན་ཏུ་དགའ་བས། རྨང་གཞིའི་ཤེས་བྱ་དང་འཁྲབ་རྩལ་ལ་སྙིང་རུས་ཆེན་པོས་སྦྱངས་བརྩོན་གནང་བ་མ་ཟད། ནང་མ་དང་འཛམ་གླིང་གི་ལོ་རྒྱུས་སྙན་ངག་རིང་ཤོས《གླིང་སྒྲུང》འཆད་གྱེར་བྱེད་སྟངས་ལ་འབད་ནས་རང་ཉིད་ཀྱི་འཁྲབ་རྩལ་དང་སྒྱུ་རྩལ་རྟོགས་པ་ཟམ་མི་ཆད་པར་མཐོ་རུ་བཏང་།

    1948ལོར་ཐུབ་བསྟན་ལགས་ཀྱིས་ཀུན་བདེ་གླིང་དགོན་པའི་ལས་ཞོར་ལྷ་མོ་རུ་ཁག་གི་འཁྲབ་སྟོན་པ་གནང་ཞིང་། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཐུབ་བསྟན་ལགས་ལ་བྱ་གཞག་འཕེལ་རྒྱས་གཏོང་བའི་གོ་སྐབས་བཟང་པོ་འཕྲད་དེ་ཁོང་ལྷ་ས་གྲོང་ཁྱེར་རིག་རྩལ་ལས་དོན་རུ་ཁག་གི་འཁྲབ་སྟོན་པར་བདམས། དེས་ན་ཏང་གི་སྲིད་ཇུས་བཟང་པོ་དྲིལ་བསྒྲགས་བྱ་ཆེད། ཐུབ་བསྟན་ལགས་ཀྱིས་གཞི་རིམ་དང་། མང་ཚོགས། འཚོ་བ་བཅས་ཀྱི་ནང་ཡུན་རིང་ཟབ་འཇུག་དང་ཐོན་སྐྱེད་དང་འཚོ་བར་ཉམས་ཞིབ་གནང་ནས་ཞིང་འབྲོག་པར་ལྷ་མོའི་འཁྲབ་སྟོན་གནང་བ་མ་ཟད། རིག་རྩལ་འཁྲབ་སྟོན་ཆེ་གྲས་སྣ་ཚོགས་ལ་ཞུགས་རྒྱུ་མཐའ་འཁྱོངས་གནང་སྟེ་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་སུ་ཧུར་ཐག་ངང་ཞུགས་པས། གཞི་རིམ་མང་ཚོགས་ཚོས་དགའ་ཞེན་བྱེད་པའི་སྒྱུ་རྩལ་མཁས་ཅན་ཞིག་ཏུ་གྱུར།

    ཐུབ་བསྟན་ལགས་ནི་འབྲས་དཀར་དང་། བླ་མ་མ་ཎི། གླིང་སྒྲུང་འཆད་གྱེར་སོགས་བོད་ཀྱི་སྲོལ་རྒྱུན་གྱི་གཞས་མ་གཏམ་ལ་བརྟེན་ནས་འཁྲབ་སྟོན་བྱེད་མཁས་ཤིང་། དམངས་ཀྱིས་དགའ་བསུ་ཐོབ་པའི་འཁྲབ་ཚན་ལ་ཆ་བཞག་ན། དགོད་བྲོའི་གཏམ་གླེང《གླུ་གར་གྱི་རྒྱ་མཚོ》དང་སྒྲ་སྙན་དཀྲོལ་གཏོང《སྤོ་བོ་དང་ཚ་བོ》སོགས་མང་པོ་ཡོད། 1987ལོར་ཁོང་དབྱིན་ཇིའི་ལོན་ཏོན་དུ་གཉེར་བའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་དུ་གདན་དྲངས་པས། ཕྱི་རྒྱལ་གྱི་ལྟད་མོ་བས་ཡུལ་ལུང་གཞན་གྱི་ཁྱད་ཆོས་ལྡན་པའི་ཀྲུང་གོའི་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་རྒྱུས་མངའ་ཐུབ་ཡོད། དེ་རྗེས་སླར་ཡང་ཁོང་དབྱི་ཐ་ལི་དང་། སུའེ་ཙེར། སུའེ་ཏེན། ཀེ་རི་སེ། ནོར་ཝེ་བཅས་ཡོ་རོབ་རྒྱལ་ཁབ་ལྔ་རུ་སྐོར་སྐྱོད་འཁྲབ་སྟོན་གནང་བར་གདན་དྲངས། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་བོད་སྐད་ཀྱི་དགོད་བྲོའི་གཏམ་གླེང་དར་ཁྱབ་ཆེན་པོ་བྱུང་ཞིང་། བོད་ལྗོངས་རླུང་འཕྲིན་ལས་ཁུངས་དང་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་བོད་ཀྱི་ལོ་གསར་ལ་ཆེད་སྒྲིག་ལེ་ཚན་སྒྲིག་བཟོ་བྱས་ནས་ཁོང་འབྲས་དཀར་ཤོད་རྒྱུར་གདན་དྲངས། ལོ་ལྟར་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་ལ་ཐུབ་བསྟན་ལགས་ཀྱིས་འཁྲབ་སྟོན་གནང་བའི་བོད་སྐད་ཀྱི་དགོད་བྲོའི་གཏམ་གླེང་ནི་ཚང་མས་དགའ་ཤོས་བྱེད་པའི་འཁྲབ་ཚན་དུ་གྱུར་ཡོད།

    ཞིང་འབྲོག་ཁུལ་དུ་ཕུགས་འདུན་དོན་གཉེར་བྱེད།

    ཐུབ་བསྟན་ལགས་ཀྱིས“གར་སྟེགས་སུ་གློག་འོད་དང་འཁྲབ་ལྗོངས་སོགས་གང་ཡང་མི་དགོས། ཐད་ཀར་བོད་ཆས་ཤིག་གྱོན་པས་ཆོག དེའི་ཕྱིར་དགོད་བྲོའི་གཏམ་ནི་ང་ཚོ་བོད་ཀྱི་དོན་དངོས་དང་འཚམ་ཞིང་། དེར་མ་ཟད་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་དེ། བགྲེས་སོང་དང་ན་གཞོན་ཚོས་དགའ་པོ་བྱེད་པ་ཙམ་མ་ཟད། ཐ་ན་ཕྲུ་གུ་ཚོས་ཀྱང་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། སྒྱུ་རྩལ་འདི་མུ་མཐུད་སྤེལ་དགོས་པ་ཞིག་རེད”ཅེས་གསུང་གི་འདུག

    དེ་ལྟ་བུའི་ཀུན་སློང་ལ་བརྟེན་ནས་ཐུབ་བསྟན་ལགས་དང་ཁོང་གི་རོགས་པས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་དགོད་བྲོའི་གཏམ་གླེང་《དབུལ་སྐྱོར་ཕྱུག་འགྱུར》དང《སྤྱི་པའི་སྒྲིག་བཀོད་ཐད་ཀྱི་ལྐོག་ལབ》 《ར་བཟི་བ》སོགས་འཁྲབ་ཚན་མང་པོ་ཞིག་གཟིགས་མོ་བའི་སྤྱན་ལམ་དུ་བསྟར་ཞིང་། ཞིང་འབྲོག་པ་མང་པོས་གར་སྟེགས་སུ་གཅིག་རྗེས་གཉིས་མཐུད་ངང་བསྐྱོད་དེ་ཁོང་ལ“ཁྱེད་རྣམ་པའི་དགོད་བྲོའི་གཏམ་གླེང་གིས་ང་ཚོ་ཞིང་འབྲོག་པས་ཡུན་རིང་སེམས་སུ་ཉར་ནས་བཤད་འདོད་ཀྱང་ཇི་ལྟར་ཤོད་མི་ཤེས་པའི་སྐད་ཆ་དག་དངོས་འབྲེལ་བཤད་བྱུང”ཞེས་ཐུགས་རྗེ་ཆེ་ཞུ་བ་དང་། ཞིང་འབྲོག་ཁུལ་གྱི་གཞི་རིམ་ལས་བྱེད་པས་ཁོང་གི་ཕྱག་ནས་འཇུས་ཏེ“ཚོགས་འདུ་མང་པོ་འཚོགས་ནས་དྲིལ་བསྒྲགས་བྱས་པ་ལས་ཁྱེད་ཚོས་རྣམ་པའི་འཁྲབ་སྟོན་ནི་ཡག་པ་འདུག”ཅེས་རྗོད་ཀྱི་ཡོད་པ་རེད།

    ཐུབ་བསྟན་ལགས་ཀྱིས་རྟག་ཏུ་རང་དཔེ་གཞན་སྟོན་གྱིས་སྙུང་གཞི་ཕོག་ཀྱང་སྡུག་རུས་བྱས་ནས་འཁྲབ་སྟོན་གནང་གི་ཡོད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཡིན་པའི་མིག་དམར་ལགས་ཀྱིས“རྒན་ཐུབ་བསྟན་ལགས་སྐབས་རེ་བསྙུངས་ནས་གསུང་ཡང་འབྱོན་མི་ཐུབ་པར་རྔུལ་ཆུ་ཁྲོམ་ཁྲོམ་དུ་ཐོན་གྱི་ཡོད། འོན་ཀྱང་འཁྲབ་རེས་ལ་སླེབས་སྐབས་ཁོང་བསྙུངས་ཡོད་པ་གཏན་ནས་འདྲ་པོ་མེད། སྲོག་བསྡོས་ངང་འཁྲབ་གནང་གི་ཡོད། འཁྲབ་སྟོན་མཇུག་འགྲིལ་རྗེས་རྒྱབ་ཏུ་ཁྲག་སྐྱུགས་པ་ང་ཚོས་དངོས་སུ་མཐོང་མྱོང་། ད་འཁྲབ་དགོས་མ་རེད་ཅེས་ཞུས་ན་ཡང་། ཁོང་གིས་གར་སྟེགས་ཐོག་ཤི་ཡང་བློ་འགྱོད་མེད་ཅེས་གསུང་གི་ཡོད། དེ་ནི་ཁོང་གི་དུས་རྒྱུན་གྱི་དགོངས་ཚུལ་ཡིན་ལ་སྒྱུ་རྩལ་གྱི་ཆེད་དུ་ཁོང་གིས་བློ་གཅིག་སེམས་གཅིག་གིས་ཕྱག་ལས་གནང་བཞིན་ཡོད་པ་རེད”ཅེས་གསུང་གི་འདུག

    ལོ་མང་རིང་ཐུབ་བསྟན་ལགས་ཀྱིས་བོད་ལྗོངས་ཀྱི་རིག་རྩལ་གར་སྟེགས་སུ་སྔ་ན་མེད་པའི་སྲོལ་གསར་མང་པོ་བཏོད་མྱོང་ཡོད་དེ། བོད་ཀྱི་སྲོལ་རྒྱུན་གྱི《གླིང་སྒྲུང》གར་སྟེགས་སུ་འཁྲབ་ལ། དབྱིན་ཇིའི་ལོན་ཏོན་གྱི་པའེ་ཅིན་ཧན་ཕོ་བྲང་དུ་ཁོང་གིས་སྐར་མ་55འཆད་གྱེར་གནང་བ་དང་། བོད་ཀྱི་མི་རིགས་རྒྱན་གོས་གླུ་གར་མཚན་ཚོགས་ཆེ་གྲས་དང་པོ“གངས་ལྗོངས་སྒྱུ་རྩལ་གྱི་རྟོག་འཆར”སྒྲིག་འགོད་གནང་བ་མ་ཟད། པེ་ཅིང་དང་། ཅང་སུའུ། ཡིང་ཁྲོན། ནང་སོག ཤིན་ཅང་། ཀོང་ཀྲོའུ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སུ་འཁྲབ་སྟོན་གནང་བས་སྒྱུ་རྩལ་ལས་རིགས་དང་སྤྱི་ཚོགས་ཐོག་གི་ལྟད་མོ་བའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད་པ་རེད།

    ནམ་ཡང་ཕུགས་འདུན་མི་འདོར་བ།

    ད་ཆ་དགུང་ལོ་80རུ་སོན་པའི་ཏང་ཡོན་རྒན་གྲས་ཡིན་པའི་ཐུབ་བསྟན་ལགས་ཀྱིས་སྔར་བཞིན་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་གྱི་ཡོད་པ་རེད།

    ཁོང་གིས་སྔ་རྗེས་སུ་བོད་ཀྱི“བདུད་རྩི་བུམ་པའི”གཞས་མ་གཏམ་སྒྱུ་རྩལ་འགྲན་བསྡུར་ཆེན་པོ་དང་། བོད་ཀྱི་ལོ་གསར་རིག་རྩལ་མཚན་ཚོགས། གཞི་རིམ་དུ་སྐྱོད་པའི་འཚམས་འདྲིའི་འཁྲབ་སྟོན། ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་གྱི་འཁྲབ་སྟོན། “3·28”ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་འཁྲབ་སྟོན་སོགས་བྱེད་སྒོ་མང་པོའི་ནང་ཞུགས་པ་མ་ཟད། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་འཁྲབ་ཚན་མང་པོ་གསར་རྩོམ་གནང་ཞིང་། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པར་བརྟེན་ནས་མང་ཚོགས་ལ་འཁྲབ་སྟོན་ཐེངས་མང་གནང་ཡོད། ཐུབ་བསྟན་ལགས་ཀྱིས་མང་ཚོགས་གཉེན་ཉེ་ལྟ་བུར་བརྩིས་ཏེ་མང་ཚོགས་དགའ་པོ་ཡོང་བ་བྱ་རྒྱུ་ནི་དོན་ཆེན་དུ་བརྩི་ཡི་ཡོད། ཁོང་གིས་རང་ཉིད་ནི་ཇ་སྲུབ་མ་བཏུང་བ་དང་སྤགས་ཟོས་ནས་འཚར་ལོངས་བྱུང་བ་དང་། ནམ་ཡང་ཞིང་འབྲོག་པའི་བུ་ཕྲུག་ཅིག་ཡིན། ཞིང་འབྲོག་མང་ཚོགས་ཚོའི་སྤྲོ་སྐྱིད་ནི་ངའི་སྤྲོ་སྐྱིད་ཀྱང་ཡིན་ཞེས་རྟག་ཏུ་གསུང་བཞིན་ཡོད། ཁོང་གིས་གཞས་མ་གཏམ་སྒྱུ་རྩལ་འཁྲབ་སྟོན་པའི་སྣེ་ཁྲིད་ནས་གྲོང་གསེབ་ཏུ་ཏང་གི་དམངས་ཕྱུག་སྲིད་ཇུས་དྲིལ་བསྒྲགས་གནང་སྟེ་ཞིང་འབྲོག་མང་ཚོགས་དང་མཉམ་དུ“བདེ་སྐྱིད་ཀྱི་ཕུགས་འདུན”སྒྲུབ་བཞིན་ཡོད་ཅིང་། ཁོང་གིས་བརྩམས་པའི་དགོད་བྲོའི་གཏམ་གླེང《བོད་ཡིག་གསལ་བྱེད་ཨ་ཡི་འབྱུང་ཁུངས》དང《བཀྲ་ཤིས་ལྷུན་པོ་དགོན་པར་བསྟོད་པ》སོགས་ལ་མང་ཚོགས་ཀྱིས་དགའ་བསུ་ཚད་མེད་ཞུ་བཞིན་ཡོད། དགུང་ལོ་10ནས་བཟུང་སྒྱུ་རྩལ་གྱི་ལམ་བུར་ཞུགས་པའི་ཐུབ་བསྟན་ལགས་ཀྱིས་མང་ཚོགས་ཀྱི་དགའ་བསུ་ཟབ་མོ་ཐོབ་པའི་རོལ་དབྱངས་དང་། ཞབས་བྲོ། གཞས་མ་གཏམ། ལྷ་མོ་སོགས་རིག་རྩལ་འཁྲབ་ཚན་495གསར་རྩོམ་དང་འཁྲབ་སྟོན་གནང་ཞིང་། དེ་དག་ལ་རྒྱལ་ཡོངས་དང་བོད་སོགས་སུ་བྱ་དགའ་ཐེངས་མང་ཐོབ་མྱོང་ཡོད།

    1980ལོར་ཐུབ་བསྟན་ལགས་ཀྲུང་གོའི་གཞས་མ་གཏམ་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན་དུ་བདམས་པ་དང་། 2006ལོར་སྐབས་བཞི་པའི་ཀྲུང་གོའི་གཞས་མ་གཏམ་སྒྱུ་རྩལ་གྱི་པད་མ་བྱ་དགའ་སྤྲོད་སྐབས། ཁོང་ལ་ཚེ་གང་གྲུབ་འབྲས་ཀྱི་བྱ་དགའ་ཐོབ།

    ལོ་ངོ་70ལྷག་གི་རིང་ཐུབ་བསྟན་ལགས་དང་ཁོང་གི་བརྩམས་ཆོས་ལས་མི་རབས་དུ་མར་ཤུགས་རྐྱེན་ཐེབས་ཤིང་། ཀྲུང་གོའི་གཞས་མ་གཏམ་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཅང་ཁུན་གྱིས“རྒན་ཐུབ་བསྟན་ལགས་ནི་བོད་ཀྱི་གཞས་མ་གཏམ་སྒྱུ་རྩལ་འཁྲབ་སྟོན་པའི་དར་ཆ་ལྟ་བུ་ཞིག་ཡིན་པ་མ་ཟད། ང་ཚོ་ཀྲུང་གོའི་གཞས་མ་གཏམ་སྒྱུ་རྩལ་ལས་རིགས་ཧྲིལ་པོའི་དར་ཆ་ལྟ་བུ་ཞིག་ཀྱང་རེད”ཅེས་ཚོར་སྣང་ཟབ་མོའི་ངང་བརྗོད་དོ།

    (གནམ་ཕྱུག་རྒྱལ་གྱིས་བསྒྱུར། པ་ཚེ་དང་གནམ་ཕྱུག་རྒྱལ་གྱིས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག