མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

“ཞིང་གསུམ་ལས་དོན་གྱི”ལེའུ་གསར་བརྩམས་པ། ——ལྷོ་ཁ་ས་ཁུལ་གྱི་ཞིང་འབྲོག་ལས་དོན་གྱི་སྒྲིལ་གླེང་།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-13 10:54

    དཔལ་འབྱོར་སྐྱོན་བྲན་ངང་འཕེལ་རྒྱས་བཏང་ནས་ཡོང་འབབ་བརྟན་པོའི་ངང་འཕར་ཐབས་བྱས་པ།

    ན་ནིང་ཚུན་དུ་ལྷོ་ཁ་ས་ཁུལ་ཞིང་འབྲོག་ཅུས་ཀྱིས་ཞིང་འབྲོག་ལས་ཐོན་སྐྱེད་དང་། ཞིང་འབྲོག་ཁུལ་གྱི་གཉེར་སྐྱོང་སྒྲིག་སྲོལ་སྒྱུར་བཅོས། ཞིང་འབྲོག་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་སོགས་ལ་དམ་འཛིན་ནན་པོ་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།

    “ན་ནིང་ས་ཁུལ་དེ་ཡོངས་ཀྱིས་མུའུ་ཁྲི་6ཡི་སྤུས་ལེགས་ནས་སོན་རྟེན་གཞི་དོན་འཁྱོལ་བྱས་པ་དང་། མུའུ་ཁྲི་1གི་ཞོག་སོན་རྟེན་གཞི་དོན་འཁྱོལ་བྱས་པ། ས་ཁུལ་དེ་ཡོངས་ཀྱི་ཁྱིམ་བྱ་གསོ་སྤེལ་བསྡོམས་གྲངས་ཁྲི་245.5ཟིན་པ་དང་ལོ་སྟོད་དུ་གཏན་འཁེལ་བྱས་པའི་ལས་འགན་ལེགས་པར་བསྒྲུབས་པ། ལོ་ཧྲིལ་པོའི་བ་ལང་གི་རྒྱུད་པ་ལེགས་སུ་གཏོང་རྒྱུའི་ལས་འགན་ནི་བ་གླང་མགོ་གྲངས་ཁྲི་4.5ཡིན་ཞིང་། ལོ་དེར་བ་གླང་མགོ་གྲངས་45696ལ་ཕ་སྦྱོར་བྱས་པ་དང་ཕ་སྦྱོར་བྱེད་ཚད་101.5%ཟིན་པ། སྣེ་གདོང་དང་། གྲ་ནང་། ལྷོ་བྲག སྣ་དཀར་རྩེ་བཅས་རྫོང་བཞི་རུ་དྲོད་ཁང་ཆེ་གྲས་247བསྐྲུན་པ་དང་མ་དངུལ་སྒོར་ཁྲི་1180བཏང་བ། ཞིང་འབྲོག་ལས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཞིག་ཐོན་ཡོད”ཅེས་ལྷོ་ཁ་ས་ཁུལ་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་འཇིགས་མེད་ཀྱིས་བཤད།

    ཞིང་པ་འཁྲུལ་མེད་ཡིན་པའི་སྣེ་གདོང་གྲོང་ལྷན་གྱི་གྲོང་མི་པ་སངས་གཡང་སྒྲོན་གྱིས“དེ་སྔོན་ངའི་ཁྱིམ་གྱིས་བཞོན་མར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ཡིན་ནའང་ལག་རྩལ་བྱང་ཆུབ་པ་ཞིག་མི་ཤེས་པའི་དབང་གིས་ང་ཚོས་གསོ་ཚགས་བྱས་པའི་བཞོན་མ་ནས་འོ་མ་ཐོན་ཚད་དེ་ཙམ་མཐོ་པོ་མེད། གྲོང་ལྷན་གྱི་ཚན་རྩལ་མི་སྣས་ང་ཚོར་ལག་རྩལ་གསར་པ་བརྒྱུད་ཁྲིད་བྱས་ཚུན་ང་ཚོས་གསོ་ཚགས་བྱས་པའི་བཞོན་མ་ནས་འོ་མ་ཐོན་ཚད་མཐོ་རུ་ངེས་ཅན་ཞིག་སོང་ལ་འོ་མའང་བྲིན་ཁ་རྒྱུག་ཏུ་ཕྱིན་སོང”ཞེས་སྤྲོ་བ་ཆེན་པོས་གསར་འགོད་པར་བཤད།

    2013ལོར་ས་ཁུལ་དེ་ཡོངས་ཀྱི་འབྲུ་རིགས་ཐོན་འབོར་ཏུན་ཁྲི་16.15(དེའི་ནང་ནས་ཐོན་ཚད་ཏུན་ཁྲི་9.05ཟིན་པ་དེ་ལོ་གོང་མ་ལས་ཏུན་ཁྲི་0.05འཕར་བ་དང་འཕར་ཚད་0.05%ཟིན་པ)ཟིན་པ་དེ་ལོ་གོང་མ་དང་མཚུངས་པ་དང་། པད་ཁ་ཐོན་ཚད་ཏུན་ཁྲི་1.6ཟིན་པ་དེ་ལོ་གོང་མ་དང་མཚུངས་པ། སྔོ་ཚལ་ཐོན་ཚད་བསྡོམས་གྲངས་ཏུན་ཁྲི་5.53ཟིན་པ་དེ་ལོ་གོང་མ་ལས་ཏུན་ཁྲི་0.61འཕར་བ་དང་འཕར་ཚད་12.39%ཟིན་ཡོད། འདི་ལོ་སྔོན་དཔག་བྱས་ན། ས་ཁུལ་དེ་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་17.8དང་། སྔོ་ཚལ་ཐོན་ཚད་ཏུན་ཁྲི་6.08 སྤུས་ལེགས་བཞོན་མ་ནས་འོ་མ་ཐོན་ཚད་ཏུན་ཁྲི་1.38བཅས་ཟིན་ནས་ཞིང་འབྲོག་པ་མི་རེར་ཆ་སྙོམས་འབབ་འཕར་སྒོར་667ཟིན་རྒྱུ་རེད།

    རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་ནས་བདེ་ཐང་འགན་ལེན་བྱས་པ།

    ལྷོ་ཁ་ས་ཁུལ་ཞིང་འབྲོག་ཅུས་ཀྱི་ཞིབ་འཇུག་པ་གཞོན་པ་སྐལ་བཟང་རྡོ་རྗེས་གསར་འགོད་པར“སྟོན་དཔྱིད་དུས་ཚིགས་གཉིས་རིང་གི་སྲོག་ཆགས་རིམས་ནད་ཚབས་ཆེན་སྔོན་འགོག་ལས་དོན་ཡག་པོ་སྤེལ་ཆེད། ང་ཚོའི་ཅུས་ཀྱིས་ལག་རྩལ་ལས་བྱེད་པ་24སྔ་རྗེས་སུ་ཞིང་དུད་དང་ཕྱུགས་རིགས་འཚོ་ཡུལ་དུ་སྲོག་ཆགས་ཀྱི་རིམས་འགོག་ལག་རྩལ་མཛུབ་ཁྲིད་དང་ཞབས་ཞུའི་ལས་དོན་སྤེལ་བར་མངགས་ཡོད”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ལྷོ་ཁ་ས་ཁུལ་གྱིས་དཔྱིད་དུས་ཀྱི་རིམས་འགོག་སྨན་ཁབ་ཁྲི་650སྤྲད་པ་དང་། ཕྱུགས་རིགས་མགོ་གྲངས་ཁྲི་181.69ལ་རིམས་འགོག་སྨན་ཁབ་བརྒྱབ་པས་རིམས་འགོག་ལས་དོན་སྤེལ་ཚད་100%ཟིན་ཡོད། སྟོན་དུས་ཀྱི་རིམས་འགོག་སྨན་ཁབ་ཁྲི་350.5སྤྲད་པ་དང་། ཕྱུགས་རིགས་མགོ་གྲངས་ཁྲི་200.08ལ་རིམས་འགོག་སྨན་ཁབ་བརྒྱབ་པས་རིམས་འགོག་ལས་དོན་སྤེལ་ཚད་100%ཟིན་ཡོད། ཁྱིམ་བྱ་མགོ་གྲངས་ཁྲི་63.55ལ་རིམ་འགོག་སྨན་ཁབ་བརྒྱབ་པ་དང་རིམས་འགོག་ལས་དོན་སྤེལ་ཚད་100%ཟིན་ཡོད་པ་རེད།

    དུས་མཚུངས་སུ་ཞིང་འབྲོག་ཅུས་ཀྱིས་སྣེ་གདོང་དང་། གྲ་ནང་། གོང་དཀར། ལྷུན་རྩེ་བཅས་རྫོང་བཞིའི་ཤང(གྲོང་རྡལ)12སུ་ཤང(གྲོང་རྡལ)ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་བཙུགས་པ་དང་། སྒོར་ཁྲི་11ཙམ་རི་བའི་ཕི་ཁ་རླངས་འཁོར་ཞིག་སྤྲད་པ། དྲོད་ཚད་བརྟན་གནས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་དག་བ་གླང་གི་རྒྱུད་པ་ལེགས་སུ་གཏོང་རྒྱུའི་ཁམས་དཀར་འཁྱགས་རིལ་དང་རིམས་འགོག་སྨན་ཁབ་སྐྱེལ་འདྲེན་བྱེད་པར་སྤྱོད་རྒྱུ་རེད།

    ཚན་རྩལ་གྱི་འདེགས་སྐྱོར་གང་ལེགས་བྱས་ཏེ་ལེགས་སྐྱེས་འབུལ་ཚད་མཐོ་རུ་བཏང་བ།

    ཉེ་བའི་ལོ་ཤས་རིང་ལྷོ་ཁ་ས་ཁུལ་ཞིང་འབྲོག་ཅུས་ཀྱིས་ཞིང་དལ་དུས་སུ་ཁྱད་ལྡན་ཞིང་འབྲོག་ལས་དང་། “བོད་ནས་ཨང་2000”འདེབས་གསོ། དྲོད་ཁང་སྔོ་ཚལ་འདེབས་གསོ། བ་གླང་གི་རྒྱུད་པ་ལེགས་གཏོང་སོགས་ཀྱི་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།

    “ཞིང་འབྲོག་ཅུས་ཀྱིས་སྒྲིག་འཛུགས་བྱས་ནས་གསོ་སྦྱོང་བྱས་རྗེས་ང་ཚོའི་འདེབས་འཛུགས་ལག་རྩལ་སྔོན་མ་ལས་ལེགས་སུ་ཕྱིན་འདུག རང་གིས་བཏབ་བའི་སྔོ་ཚལ་རང་གིས་བཟའ་བ་མ་ཟད། ལྷག་མ་རྣམས་བཙོངས་པ་ལས་ཡོང་འབབ་ཕྲན་བུ་བྱུང་། ད་ཆ་ང་ཚོའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་གི་འདུག”ཅེས་གྲ་ནང་རྫོང་རྔ་སྒྲ་ཤང་རྔ་སྒྲ་གྲོང་ཚོའི་གྲོང་མི་ཡེ་ཤེས་སྒྲོལ་དཀར་གྱིས་བཞིན་ནས་མཛུབ་མདངས་འཕྱུར་བཞིན་བཤད།

    འཇིགས་མེད་ཀྱིས“གཞན་ཡང་ང་ཚོའི་ཅུས་ཀྱིས་ད་དུང་ཧུའུ་ནན་དང་། ཧུའུ་པེ། ཨན་ཧུའེ་སོགས་ཞིང་ཆེན་གསུམ་དང་འབྲེལ་གཏུག་མཐུན་སྦྱོར་བྱས་ཏེ་ལག་རྩལ་བོད་སྐྱོར་ལས་བྱེད་པ་11བརྩོན་ལེན་བྱས་ཡོད། ཁོང་ཚོས་ས་ཁུལ་གཞོགས་འདེགས་ཀྱིས་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་དང་ཞིབ་བཤེར་ཚད་ལེན་ལྟེ་གནས་ཀྱི‘ཁས་ལེན་གཉིས་ཐོབ་ལག་ཁྱེར’ལེན་པའི་ཡིག་ཐོག་སྙན་སེང་ཞུ་རྒྱུ་མ་ཟད། ད་དུང་དགུན་གྲོ་དང་པད་ཁ་འདེབས་འཛུགས་སོགས་ཀྱི་ལག་རྩལ་ལས་དོན་ལའང་མཛུབ་ཁྲིད་བྱ་རྒྱུ་རེད”ཅེས་བཤད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག