མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཁྲེན་ཆོན་གོས་ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝུའུ་ཁྲུན་ཐའེ་དང་མཇལ་འཛོམས་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-12 10:48

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་10ཉིན་གྱི་ཕྱི་དྲོར་ལྷ་སར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝུའུ་ཁྲུན་ཐའེ་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཝང་རུའེ་ལེན་རྣམ་གཉིས་མཇལ་འཛོམས་ལ་ལྷན་དུ་ཕེབས་ཡོད་པ་རེད།

    ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ས་ཡ་གསུམ་གྱི་ཚབ་ཞུས་ཏེ་ཝུའུ་ཁྲུན་ཐའེ་དང་བཅས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་མ་ཟད།ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་དུས་ཡུན་རིང་པོར་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེའང་ཞུས་པ་རེད།ཁྲེན་ཆོན་གོས་ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་།མཐའ་མཚམས་སྐྱོང་བར་སྔོན་ལ་བོད་་བརྟན་ལྷིང་ཡོང་བ་བྱེད་དགོས”པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“བོད་རྒྱུན་སྲིང་བརྟན་ལྷིང་དང་།ཡུན་རིང་བརྟན་ལྷིང་།ཁྱོན་ཡོངས་བརྟན་ལྷིང་བཅས་ཧུར་ཐག་ཡོང་བ་བྱེད་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ།ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་།ཡུན་རིང་བོད་འཛུགས་སྐྲུན།མི་སེམས་ཐོབ་ཐབས་བྱེད་པ།རྨང་གཞི་བརྟན་གཏོང”བཅས་ཀྱི་མཛུབ་ཁྲིད་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་སྤེལ་ཤུགས་ཆེན་བཏང་བ་མ་ཟད།ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་།སྤྱི་ཚོགས་བརྟན་ལྷིང་།མི་རིགས་མཐུན་སྒྲིལ།དམངས་འཚོ་ལེགས་བཅོས།ཆོས་ལུགས་ཞི་མཐུན།སྣོད་བཅུད་ལེགས་པ།ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་གསུངས་པ་རེད།

    ཁྲེན་ཆོན་གོས་ཀྲུང་ནེ་དབར་གྱི་མཛའ་མཐུན་ཡུན་རིང་བ་དང་ལྷག་དོན་དུ་བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་དབར་རི་ཆུ་འབྲེལ་བ་དང་།ས་བབ་ཉེ་བ།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་གཅིག་མཐུན་བཅས་ཡིན།ཉེ་བའི་ལོ་ཤས་རིང་ཕྱོགས་གཉིས་པོའི་དཔལ་འབྱོར་མཉམ་ལས་དང་།མི་སྣ་འགྲོ་འོང་།རིག་གནས་སྤེལ་རེས་ཉིན་བཞིན་དམ་ཟབ།གྲུབ་འབྲས་གཡུར་དུ་ཟ་བ་བཅས་བྱུང་བ་དང་།ནེ་པ་ལས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་མ་ཟད།ཕྱོགས་གཏོགས་གང་རུང་གིས་ནེ་པ་ལའི་མངའ་ཁོངས་སུ་ཀྲུང་གོར་ངོ་རྒོལ་གྱི་བྱེད་སྤྱོད་སྤེལ་བར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་བཞིན་ཡོད་པས་ངོ་གནོང་མི་དགོས་པ་ང་ཚོའི་ཁྱིམ་མཚེས་ཡག་པོ་དང་།གྲོགས་པོ་ཡག་པོ།རོགས་ཟླ་ཡག་པོ་བཅས་ཡིན།ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཀྱང་དེའི་ཐད་དཀའ་སྤྱད་འབད་བརྩོན་དང་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས་ཤིང་།ཁྲེན་ཆོན་གོས་བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཉེ་འཁོར་ཕྱི་འབྲེལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཁྱིམ་མཚེས་རྒྱལ་ཁབ་ལ་ཕན་འདོགས་པ་དང་།ཁྱིམ་མཚེས་དང་འཆམ་མཐུན་མཐའ་འཁྱོངས།ཁྱིམ་མཚེས་ཞི་མཐུན་དང་།བདེ་འཇགས།འབྱོར་ཕྱུག་བཅས་ཡོང་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས་བརྩེ་བ་དང་།ལྷག་བསམ།ཕན་པ།དཀྱེལ་ཡངས་བཅས་ཀྱི་ལྟ་ཚུལ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་སྔར་བས་ནེ་པ་ལ་དང་མཉམ་ལས་ཐད་ཤུགས་སྣོན་དང་།སྤེལ་རེས་ཆེར་གཏོང་།མཛའ་མཐུན་ཟབ་གཏོང་བཅས་བྱས་ཐོག་ཀྲུང་ནེ་དབར་གྱི་གཉིས་ཕན་མཉམ་ལས་ཟབ་གཏོང་དང་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་འབྲེལ་བ་ཡུན་རིང་སྐྱོན་བྲལ་ངང་གོང་འཕེལ་བརྟན་པོ་ཡོང་རྒྱུར་སྐུལ་མ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཝུའུ་ཁྲུན་ཐའེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཡུན་རིང་པོར་ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད།བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་བཀྲ་ཤིས་བདེ་ལེགས་ཀྱང་ཞུས་གནང་ཞིང་།ཁོང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་དང་།བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ།གསར་གཏོད་ལྡན་པའི་ངང་ལས་དོན་སྒྲུབ་པ་བཅས་བྱས་ནས་བྱེད་ཐབས་ཡག་པོ་དང་ལམ་སྲོལ་ཡག་པོ་རབ་དང་རིམ་པ་འཚོལ་ཞིབ་བྱས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ལ་མུ་མཐུད་དམིགས་ནས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཧུར་ཐག་ཞུས་ཏེ་བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་མཛའ་མཐུན་སྤེལ་རེས་ལ་སྐུལ་སྤེལ་གཏོང་ཆེད་འབད་བརྩོན་སྔར་བས་ཧུར་ཐག་བྱ་རྒྱུ་དང་།བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག