ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས7ཉིན་གྱི་སྔ་དྲོ་བོད་ལྗོངས་ཡོངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་གཙོ་བོ་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་ལྷ་ས་ནས་བསྡུས་ཤིང་། ཚོགས་འདུའི་སྟེང་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་གྲོང་རྡལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་རྣམ་གྲངས་དང་འགན་སྲུང་སྡོད་ཁང་གི་འཛུགས་སྐྲུན་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ། སྡོད་ཁང་དང་གྲོང་རྡལ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་རྣམ་གྲངས་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་བ་བཀོད་སྒྲིག་བྱས།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞུ་གཞོན་པ་ཙུན་ཝན་མིན་ཚོགས་འདུ་ལ་ཞུགས།
ཚོགས་འདུའི་སྟེང་བསྟན་དོན། སྤུས་ཚད་མཐོན་པོ་དང་། ཚན་གཞི་མཐོན་པོ། གྲུབ་འབྲས་ཆེན་པོའི་སྒོ་ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དམིགས་འབེན་ལས་འགན་ལེགས་འགྲུབ་འབྱུང་ཆེད། ས་གནས་དང་སྡེ་ཁག་སོ་སོས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་དངུལ་གཏོང་དང་། ཞིང་ས་བེད་སྤྱོད། ཁྲལ་བསྡུ་སོགས་ཕྱོགས་ཀྱི་སྲིད་ཇུས་རིགས་སོ་སོ་དངོས་འབེབས་བྱེད་པར་ཤུགས་བསྣན་ཏེ། བྱ་བའི་གཙོ་གནད་ངོས་འཛིན་བྱེད་པ་དང་། འཛུགས་སྐྲུན་དང་གསར་སྤེལ་བྱ་བ་གཉིས་ཟུང་དུ་འབྲེལ་ཏེ། སྤྱིལ་ཁྱིམ་ཁུལ་བསྒྱུར་བཀོད་བྱ་བ་དང་གྲོང་རྡལ་ཅན་དུ་གཏོང་བའི་ཚོད་ལྟའི་བྱ་བ་སྙོམས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ། དེ་མིན་བཅོས་བསྒྱུར་ཁ་ཕྱོགས་ངོས་བཟུང་སྟེ། བྱ་བའི་བྱེད་ཐབས་གསར་གཏོད་བྱེད་པ་དང་། སྡོད་ཁང་དོ་དམ་ལམ་ལུགས་བཅོས་བསྒྱུར་བྱ་བར་ནན་གྱིས་སྒྲུབ་པ་བཅས་བྱེད་དགོས།
ཚོགས་འདུ་སྟེང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ས་གནས་གྲོང་ཁྱེར་སོ་སོའི་བར་ལ2014ལོའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དོ་དམ་དམིགས་འབེན་ལས་འགན་ཆིངས་ཡིག་གི་གན་རྒྱ་བཞག་པ་རེད། །