མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་གཙང་བོའི་ཆུ་དང་སྔོ་བསངས་ནམ་མཁའ་རྟག་བརྟན་ཡོང་བ་བྱེད་དགོས།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   2014-06-09 10:19

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས5ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཡིན་ཏེ། གནའ་གྲོང་ལྷ་སའི་བར་སྣང་དུ་སྤྲིན་པ་ཉུང་ཞིང་བསིལ་རླུང་ལྡང་ལ། ས་གཞིར་སྔོ་ལྗང་འདབ་མས་འཁྲུག་པའི་གསོན་ཤུགས་ཀྱིས་ཁེངས།

ལྷ་ས་གྲོང་ཁྱེར་དགེ་འོས་སློབ་གྲྭའི་ཁོངས་གཏོགས་སློབ་ཆུང་གི་ལོ་རིམ་སོ་སོའི་སློབ་ཁང་གི་དཔེ་དེབ་ཀྱི་ཟུར་དུ། ཉེ་ལམ《ས་ཆུ་སྲུང་འཛིན་ཀློག་དེབ(སློབ་ཆུང་པར་མ)》ཞེས་པའི་དེབ་ཅིག་ཇེ་མང་དུ་སོང་ཡོད། དེ་ནི་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས“ས་ཆུའི་འདུ་ཤེས”སློབ་གླིང་དུ་བསྐྱོད་པའི་གྲུབ་འབྲས་གྲས་ཀྱི་གཅིག་རེད། དེ་ནི་ལོ་ཆུང་སློབ་མར་ས་ཆུ་སྲུང་འཛིན་གྱི་ཚན་རིག་ཁྱབ་སྤེལ་རྒྱུན་ཤེས་ཁྱབ་བརྡལ་དུ་གཏོང་པ་དམིགས་ཡུལ་དུ་བཟུང་ནས་སློབ་མ་རྣམས་ཀྱིས་ཁོར་ཡུག་ལ་གཅེས་སྤྲས་དང་། སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་བརྩེ་སེམས་ལེགས་པོ་སྐྱེད་བསྲིངས་བྱ་ཆེད་རེད།

 “དེབ་དེའི་ནང་དུ་རབ་བཏགས་ཀྱི་རི་མོ་མང་པོ་ཡོད་ཅིང་། ཀློག་ཚེ་སྤྲོ་བ་སྐྱེད་སྲིད་པ་ཞིག་ཡིན་ཕྱིར། ང་ཚོས་སློབ་ཕྱིའི་དུས་ཚོད་བེད་སྤྱད་ནས་ས་ཆུ་བཅུད་ཤོར་དང་ས་ཆུ་སྲུང་འཛིན་གྱི་འབྲེལ་ཡོད་ཤེས་བྱ་སློབ་སྦྱོང་བྱེད་དགོས”ཞེས་ལྷ་ས་གྲོང་ཁྱེར་དགེ་འོས་སློབ་གྲྭའི་ཁོངས་གཏོགས་སློབ་ཆུང་གི་ལོ་རིམ་གསུམ་པའི་འཛིན་གྲྭ་གཉིས་པའི་སློབ་གྲོགས་བསོད་ནམས་ཀྱིས་དེ་སྐད་ཟེར། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་༢༠ལ《ས་ཆུ་སྲུང་འཛིན་ཀློག་དེབ(སློབ་ཆུང་པར་མ)》ཆ་ཚང་༡༡༠༠དང་། ས་ཆུ་སྲུང་འཛིན་གྱི་དྲིལ་སྒྲོག་རི་མོ། འཕྲེད་བྱང་སོགས་ཀྱི་པར་མའི་རིགས་བཀོད་སྒྲིག་གནང་ཡོད་པ་རེད།

 ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཅི་ཕིང་གིས་ངོ་སྤྲོད་ལྟར་ན། དམིགས་བསལ་གྱི་ས་གཤིས་དང་གནམ་གཤིས་ཁོར་ཡུག་གི་དབང་གིས་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཉམས་ཞན་ཆགས་ཡོད་པ་རེད། ས་ཆུ་སྲུང་འཛིན་གྱིས་རང་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད། འཚོ་བར་འགན་སྲུང་གནང་པ་མ་ཟད། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་དང་། ཐོན་ཁུངས་གྲོན་ཆུང་ཅན། ཁོར་ཡུག་མཛའ་བརྩེ་ཅན་གྱི་སྤྱི་ཚོགས་འཛུགས་བསྐྲུན་ལ་སྐུལ་འདེད་ཀྱང་གནང་ཐུབ། “ལོ་ཆུང་བྱིས་པའི་དུས་ནི་མིའི་ཤེས་རྟོགས་ནུས་པ་ཤུགས་དྲག་པའི་དུས་ཡིན་པ་དང་། ས་ཆུ་སྲུང་འཛིན་ནི་རང་རྒྱལ་གྱི་གཞི་རྩའི་སྲིད་ཇུས་རིགས་ཤིག་ཡིན་ལ། སྤུས་ཚད་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། ‘ས་ཆུའི་འདུ་ཤེས’སློབ་གླིང་དུ་བསྐྱོད་པ་དེས‘ས་ཆུ་སྲུང་འཛིན་བྱེད་པར་མི་སོ་སོར་འོས་འགན་ལྡན་པའི’ཁོར་ཡུག་ལེགས་པོ་ཆགས་པར་དགེ་མཚན་ལྡན་”ཞེས་ཟེར།

 “འཛམ་གླིང་ཡང་རྩེ”ཞེས་གྲགས་པའི་བོད་ལྗོངས་ཀྱིས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་བསྐྲུན་དང་། སྲོག་ཆགས་རྩི་ཤིང་གི་ཐོན་ཁུངས་སྣ་མང་ཅན་སྲུང་སྐྱོབ་བྱེད་པའི་འོས་འགན་ཁུར་དུ་བླངས་ཡོད། ལོ་འདི་འགའི་རིང་། རང་ལྗོངས་ཀྱི་ས་ཆ་སོ་སོ་དང་། སྡེ་ཁག་སོ་སོས་སྐྱེ་ཁམས་ཤེས་དཔལ་འཛུགས་བསྐྲུན་གྱི་གནས་བབ་སྤྱི་ལ་དམིགས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་མཆོངས་བསྐྱོད་རང་བཞིན་གྱི་འཕེལ་རྒྱས་གཏོང་པ་དང་མཉམ་དུ་གོམ་པ་བརྟན་པོས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་འཛུགས་བསྐྲུན་གྱི་ལས་དོན་ཁག་ལ་སྐུལ་འདེད་གནང་ནས། ཁོར་ཡུག་སྲུང་སྐྱོབ་ཀྱི“རྒྱུགས་འབྲས”ཡིད་ཚིམ་པ་ཞིག་སྤྲད་ཡོད་པ་རེད།

 མིག་སྔར་ནི་ཡུལ་སྐོར་བྲིན་ཆེ་བའི་དུས་ལ་སླེབས་ཡོད་པ་རེད། ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རྫོང་གཞུང་ལམ་༣༡༨འགྲམ་གྱི་ང་ཕོད་གྲོང་ཚོ་གསར་པའི་ཞིང་ཁྱིམ་ར་སྐོར་དུ་ཤིང་ཏོག་བིལ་བའི་ཡལ་འདབ་ཀྱིས་གྱང་ལྡེབས་གཡོག་འདུག་ཅིང་། ཉིན་རེར་ཡུལ་སྐོར་པ་མང་པོ་ལྟད་མོར་སླེབས་བཞིན་འདུག

 ངག་དབང་མཚོ་མོས་གྲོང་ཚོའི་ནང་དུ་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་ཡོད། ཉིན་རེའི་ཞོགས་པར་ཁོ་མོས་མགྲོན་ཤག་གི་ཕྱི་ནང་གི་འཕྲོད་བསྟེན་ལ་གཙང་སྦྲ་བྱེད་པ་རེད།“ངེད་ཚང་གི་སྙིགས་སྣོད་དུ་འགྱིག་སྣོད་བཞག་ཡོད་པས་གཙང་དག་བྱེད་དུས་སྟབས་བདེ་པོ་འདུག་པ་མ་ཟད། གྲོང་ཚོའི་གྲུ་ཟུར་རེ་རེར་ཡང་སྙིགས་སྣོད་བཀོད་སྒྲིག་བྱས་ཡོད། གཟའ་འཁོར་རེ་རེར་རླངས་འཁོར་གྱིས་གད་སྙིགས་དྲུད་ནས་གཅིག་སྡུད་སྒོས་ཐག་གཅོད་བྱེད་ཀྱི་ཡོད་ཙང་། གྲོང་ཚོ་ཡོངས་ནི་གྲལ་དག་པ་ཞིག་རེད”ཅེས་ངག་དབང་མཚོ་མོས་ཡུལ་སྐོར་པ་ཇེ་མང་དུ་སོང་པ་དེས་གྲོང་ཚོའི་འཚོ་སྡོད་ཁོར་ཡུག་ལ་འབག་བཙོག་བཟོས་མེད་ཚུལ་བཤད་བྱུང་།

འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཉིང་ཁྲི་རྫོང་ཉིང་ཁྲི་གྲོང་བརྡལ་ཆུ་འཁོར་གྲོང་ཚོའི་གྲོང་མི་རྣམས་ཀྱིས“གྲོང་མིའི་རང་སྐྱོང”བྱེད་ཐབས་ཀྱིས་ཁོར་ཡུག་འཕྲོད་བསྟེན་སྲུང་སྐྱོབ་བྱེད་པ་སྟེ། གཟའ་འཁོར་རེར་རེས་མོས་སུ་གྲོང་ཚོའི་ཁྱིམ་ཚང་གཉིས་ནས་དོ་དམ་པ་རེ་རེ་བདམས་ནས་གྲོང་ཚོའི་སྲང་ལམ་དང་ཉེ་འཁོར་ནགས་རིའི་མེ་འགོག གད་སྙིགས་གཙང་དག་བཅས་ཀྱི་ལས་ཀར་འགན་ཁུར་པ་རེད། དེ་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་ཁུར་མི་ཚང་སོ་སོར་ལག་བསྟར་བྱས་ཡོད་པས་གྲོང་མི་དང་ཡུལ་སྐོར་པ་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་པ་དང་། གྲོང་ཚོའི་ནང་བཙོག་ཆུ་འཕྲེད་རྒྱུགས་དང་གང་སར་གད་སྙིགས་ཀྱིས་ཁེངས་པའི་ཉིན་ཕྱིར་ཡོང་མེད་པར་བྱས་ཡོད།

 འདི་དག་ཡོད་ཚད་ནི་རང་ལྗོངས་ཀྱིས་ཞིང་གྲོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་བྱས་པའི་བསྡུས་གཟུགས་ལྟ་བུ་ཡིན་ལ། དེང་སྐབས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱང་རང་ལྗོངས་ཀྱི་གྲོང་ཚོའི“སྡེ་ཁྲིམས་དམངས་ཆིངས”གསར་པར་གྱུར་ཡོད།

མིག་སྔའི་སྐབས༤༥པའི“འཛམ་གླིང་སའི་གོ་ལའི་ཉིན་མོར”རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་ཐིང་གིས་རང་སྐྱོང་ལྗོངས་ས་གཤིས་བརྟག་དཔྱད་ཅུས་དང་། རང་སྐྱོང་ལྗོངས་ས་རིས་ཐིག་ལེན་ཅུས་སོགས་ལས་ཁུངས་ལ་མཉམ་འབྲེལ་སྒོས་ལྷ་སའི་ཁྲོམ་དུ་འཕྲེད་བྱང་འགེལ་བ་དང་། དྲིལ་སྒྲོག་ཡིག་ཆ་བཀྲམ་པ། འགྲེམ་བྱང་གིས་འགྲེམས་སྟོན་བྱེད་པ་སོགས་ཀྱི་རྣམ་པས་འགྲོ་འོང་མང་ཚོགས་ལ་ཇི་ལྟར་སའི་གོ་ལའི་ཐོན་ཁུངས་སྲུང་སྐྱོབ་བྱེད་པ་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་སྒྲོག་གནང་པ་རེད།

ལྗོངས་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཐིང་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་ཞིས་ཁྲོང་ལུའུ་ཡིས“བོད་ལྗོངས་ཀྱི་ས་ཁོངས་རྒྱ་ཆེན་པོ་ཡོད་ནའང་། མཚོ་ངོས་ལས་ཚད་མཐོ་བ་དང་། རི་སྒང་མང་པ་སོགས་ས་གཤིས་ཁོར་ཡུག་གི་དམིགས་བསལ་ཅན་གྱིས་བཀོལ་སྤྱོད་བྱེད་ཆོག་པའི་སའི་ཐོན་ཁུངས་ཤིན་ཏུ་ཉུང་། དེའི་ཕྱིར་མི་རྣམས་ལ་ཁོར་ཡུག་གྲོན་ཆུང་གིས་བཀོལ་སྤྱོད་དང་ས་གཤིས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ལ་ཤུགས་སྣོན་བྱེད་པར་དྲན་སྐུལ་བྱས་ནས། གཏེར་ལས་ཐོན་ཁུངས་ཐོན་སྤེལ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་བསྐྲུན་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱ་རྒྱུ་ཤིན་ཏུ་གལ་ཆེ་བ་ཞིག་རེད”ཟེར།

གཞན་ད་དུང། རང་རྒྱལ་གྱི་གནོད་འགོག་གནོད་སྐྱོན་ཉུང་ངུར་གཏོང་པའི་དྲིལ་སྒྲོག་གཟའ་འཁོར་དྲུག་གི་སྐབས་སུའང་། རང་ལྗོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་དང་། འགྲིམ་འགྲུལ། འཕྲོད་བསྟེན། མེ་འགོག་སོགས་གནོད་པ་ཉུང་གཏོང་ཨུ་ལྷན་གྱི་ཁོངས་མིའི་ལས་ཁུངས་ཀྱིས“གྲོང་བརྡལ་ཅན་དང་གནོད་པ་ཉུང་གཏོང”གི་བརྗོད་གཞི་དང་འབྲེལ་ནས་གནོད་སྐྱོན་ཉེན་ཁར་དཔྱད་དཔག་དང་། ཤེས་བྱ་ལག་རྩལ་ཟབ་སྦྱོང་། གནོད་འགོག་དང་གནོད་པ་ཉུང་གཏོང་སྦྱོང་བརྡར་གྱི་བྱེད་སྒོ་སྤེལ་ཞིང་། གྲོང་བརྡལ་ཅན་འཚོལ་བཤེར་བྱེད་པའི་གོ་རིམ་ཁྲོད་མི་དང་སྐྱེ་ཁམས་འཆམ་མཐུན་མཉམ་གནས་ཡོང་ཐབས་ཀྱི་བགྲོད་ལམ་བཙལ་པ་རེད། ལྗོངས་ལུས་རྩལ་ཅུས་ཀྱིས་ཀྱང་ཉེ་ལམ་ཆེད་ལས་མི་སྣ་རྩ་འཛུགས་བྱས་ནས་ཤི་ཞ་སྤང་མ་རི་འདབས་ཀྱི་སྒར་སར་གཞི་ཆགས་ནས་གཙང་སྦྲའི་བྱེད་སྒོ་སྤེལ་བ་རེད།

དེང་སྐབས། གྲོང་ཁྱེར་ནས་ཞིང་གྲོང་། རི་རྩེ་ནས་གྲོག་རོང་། འདུ་ཤེས་ནས་འགུལ་སྐྱོད་གང་ཐད་ནས་ཀྱང་བོད་ལྗོངས་ཀྱི་ནམ་མཁའ་སྔར་ལས་སྔོ་ཞིང་ཆུ་བོ་སྔར་ལས་དྭངས་པར་ཡོང་ཞིང་། མི་དང་སྐྱེ་ཁམས་འཆམ་མཐུན་མཉམ་གནས་ཀྱི་རོལ་དབྱངས་ཚན་པ་རེ་རེ་གཏོང་གྱིན་པའི་སྒང་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག