མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2014ལོའི་བོད་ལྗོངས་ཀྱི་མཐོ་རྒྱུགས་ནང་ཞིང་འབྲོག་པའི་རྒྱུགས་ཞུགས་སློབ་མས་བཅུ་ཆའི་བདུན་ཟིན།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-06-06 10:40

བོད་ལྗོངས་ལྷ་སའི་སློབ་འབྲིང་གི་མཐོ་འབྲིང་གསུམ་པའི་སློབ་མ་རྣམས་ཀྱིས་མཐོ་རྒྱུགས་ལ་ཨང་གསར་བྱེད་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་རེའི་མཐོ་རྒྱུགས་སླེབས་ལ་ཉེ་བའི་དུས་འདིར། གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོའི་རྒྱུགས་ལེན་གླིང་ནས་ཤེས་གསལ་ལྟར་ན། 2014ལོར་བོད་ལྗོངས་ཀྱི་མཐོ་རྒྱུགས་སུ་ཞུགས་མཁན་སློབ་མ19625ཡོད་པ་དང་། དེའི་ནང་དུ་ཞིང་འབྲོག་པའི་བུ་དང་བུ་མོས2014ལོའི་མཐོ་རྒྱུགས་ལ་མིང་ཐོ་བཀོད་པའི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི71ཟིན། མིག་སྔར་བོད་ལྗོངས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་ཀ་ཁག་ཡོངས་སུ་ཚགས་ཡོད་པ་རེད།

རྒྱུས་ལོན་པ་ལྟར་ན། ད་ལོར་བོད་ལྗོངས་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་པའི་ཉིན་ནི་ཟླ3པའི་ཚེས15ཉིན་ནས་བཟུང་འགོ་བརྩམས་ཤིང་། ལྗོངས་ཡོངས་ནས་དྲ་ཐོག་ཏུ་མིང་ཐོ་འགོད་ས་ཁྱོན་སྡོམ་༩༨བཟོས་ཡོད་པ་དང་། དྲ་ཐོག་ནས་མིང་ཐོ་འགོད་པ་དང་། ཐོབ་ཐང་གཏན་འཁེལ། ཞིབ་བཤེར་སོགས་ཀྱི་གོ་རིམ་བརྒྱུད་དགོས་ལ། མིག་སྔར་བོད་ལྗོངས་མཐོ་རྒྱུགས་ཀྱི་དྲ་ཐོག་མིང་འགོད་ལས་ཀ་ཡོངས་སུ་མཇུག་རྫོགས།

སྡོམ་རྩིས་བྱས་པ་ལྟར་ན། 2014ལོར་བོད་ལྗོངས་མཐོ་རྒྱུགས་སུ་ཞུགས་མཁན་སློབ་མ་ཁྱོན་སྡོམ19625ཡོད་ཅིང་། དེའི་ནང་དུ་མཐོ་འབྲིང་དཀྱུས་མའི་རྒྱུགས་ཞུགས་སློབ་མ1696དང་། ཁ་མཐུན་མཐོ་རིམ་ལས་རིགས་སོགས་རིགས་གཞན་པའི་རྒྱུགས་ཞུགས་སློབ་མ2664། མི་རིགས་གྲངས་ཉུང་གི་རྒྱུགས་ཞུགས་སློབ་མ15124། རྒྱ་རིགས་ཀྱི་རྒྱུགས་ཞུགས་སློབ་མ1832། ཞིང་འབྲོག་པའི་བུ་ཕྲུག་གི་རྒྱུགས་ཞུགས་སློབ་མ12126། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུགས་ཞུགས་སློབ་མ4835 བཅས་ཡོད་པ་དང་། དེ་ལས་ཞིང་འབྲོག་པའི་བུ་དང་བུ་མོས2014ལོའི་མཐོ་རྒྱུགས་ལ་མིང་ཐོ་བཀོད་པའི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི71ཟིན་ཡོད་པ་རེད། རྩོམ་རིག་ལོ་རྒྱུས་རིགས་ཀྱི་རྒྱུགས་ཞུགས་སློབ་མ་7997དང་། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རྒྱུགས་ཞུགས་སློབ་མ་8964ཡོད་པ་རེད།

ད་ལོར་བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ས་ཁུལ་བདུན་(གྲོང་ཁྱེར)དང་། བོད་ལྗོངས་ཀྱི་ན་གོར་མོའི་དོན་གཅོད་ཁང་། བོད་ལྗོངས་མི་རིགས་སློབ་གླིང་། སི་ཁྲོན་ཁྲེང་ཏུའུ་སོགས་ས་ཁུལ་ནས་རྒྱུགས་ཁུལ10དང་། རྒྱུགས་ལེན་ས23། རྒྱུགས་ལེན་ར་བ764བཅས་བཀོད་སྒྲིག་བྱས་ཡོད་ཅིང་། རྒྱུགས་ལེན་ས་དང་རྒྱུགས་ར་ཡོངས་རྒྱལ་ཁབ་ཀྱི་སློབ་གསོའི་རྒྱུགས་ལེན་ཚད་ལྡན་ཅན་གྱི་རྒྱུགས་ལེན་སའི་ཚད་ལྡན་རྒྱུགས་ར་བཀོད་སྒྲིག་བྱས་ནས་ཡིག་ཚད་གཏོང་རྒྱུ་རེད།

ཟླ6པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱུགས་ཞུགས་སློབ་མ་རྣམས་རང་རང་གི་རྒྱུགས་སྤྲོད་སར་བསྐྱོད་དེ་རྒྱུགས་རར་རྒྱུས་ལོན་བྱས་ཆོག་ལ། གཞན་རྒྱུགས་ལེན་ས་སོ་སོས་རྒྱུགས་ལེན་ལས་བྱེད་པ་དང་ལྟ་རྟོག་པ་རྣམས་ལ་ཟབ་སྦྱོང་གནང་རྒྱུ་རེད། བོད་ལྗོངས་སློབ་གསོ་ཐིང་གིས་མཐོ་རྒྱུགས་སྐོར་ཞིབ་འགོ་ཁྲིད་ཚོགས་ཆུང་དང་མཐོ་རྒྱུགས་བཀོད་འདོམས་ལྟེ་གནས་བཙུགས་ཤིང་། ཉེ་ལམ་སྐོར་ཞིབ་ཚོགས་པ་སོ་སོས་རྒྱུགས་ལེན་ས་དང་རྒྱུགས་ལེན་ར་བ་ཁག་གི་བཀོད་སྒྲིག་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་། འཐེན་བཤེར་བྱས་པ་དང་། རྒྱུགས་ལེན་སའི་ཉེ་འཁོར་གྱི་ཁོར་ཡུག་ལ་མཐའ་མཇུག་གི་ཕྱོགས་བསྡུས་འདོན་བཤེར་གནང་ནས་ད་ལོའི་བོད་ལྗོངས་ཀྱི་མཐོ་རྒྱུགས་བདེ་འཇགས་དང་། བརྟན་བརླིང་། གོ་རིམ་མ་འཆོར་བར་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག