མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁུལ་གྱི་སློབ་གྲྭ་དང་སྨན་ཁང་གི་སྒོ་འགྲམ་ཚང་མར་ལམ་ཐིག་ཚོན་རིས་འགོད་རྩིས་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-06-04 10:52

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བ་ལྔ་བའི་ཚེས་ཉེར་དྲུག་ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གི་སྒོ་མདུན་ནས་འགྲིམ་འགྲུལ་ཉེན་རྟོག་པ་འགས་ལམ་ཐིག་ཚོན་རིས་འགོད་བཞིན་ཡོད་པ་མཐོང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་ཡན་ལག་རུ་ཁག་གི་རུ་གཙོ་བཀྲ་ཤིས་ཡར་འཕེལ་གྱིས་ངོ་སྤྲོད་བྱ་རྒྱུར། འགྲིམ་འགྲུལ་ཉེན་རྟོག་པས་སྔར་ལས་ལེགས་པར་སློབ་གྲྭའི་སྒོ་འགྲམ་གྱི་འགྲིམ་འགྲུལ་ལམ་སྟོན་དང་སྣེ་ཁྲིད་ལས་དོན་ཡག་པོ་གཉེར་ཆེད། ལྷ་ས་གྲོང་ཁྱེར་གྱིས་སློབ་གྲྭ་དགུའི་སྒོ་འགྲམ་དུ་དམར་མདོག་དང་དཀར་མདོག་གི་ལམ་ཐིག་འབྲི་རྒྱུ་གཏན་ཁེལ་བྱས་པ་དང་། འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་རྗེས་ཕྱོགས་སུ་མི་སྣ་འདུས་སྡོད་ཁུལ་དང་སྨན་ཁང་སོགས་ཀྱི་ས་ཁུལ་དུ་མངོན་གསལ་ཆེ་བའི་ལམ་ཐིག་ཚོན་རིས་བཀོད་དེ། ལམ་འགྲོ་བ་ཚོར་བདེ་འཇགས་ཀྱི་སྣང་བ་སྟེར་རྩིས་ཡོད།

ཚེས་ཉེར་དྲུག་ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་ཀྱི་སྟེང་དུ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་ཉེན་རྟོག་པ་འགས་གླིང་སྐོར་ཤར་ལམ་རྒྱུད་དུ་ཡོད་པའི་ཚོད་ལྟ་སློབ་ཆུང་གི་སྒོ་འགྲམ་དུ་དཀར་མདོག་དང་དམར་མདོག་གི་ལམ་ཐིག་རི་མོ་འགོད་བཞིན་ཡོད། ལམ་ཐིག་རི་མོ་ཕྱེད་ཙམ་བཀོད་རྗེས། བལྟས་ཚོད་དུ་མངོན་གསལ་ཧ་ཅང་ཆེ་ལ། རྒྱང་རིང་བོ་ནས་ཀྱང་གསལ་བོར་མཐོང་ཐུབ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་རུ་གཙོ་གཞོན་པ་བཀྲ་ཤིས་ཡར་འཕེལ་གྱིས་གསར་འགོད་པར་བཤད་རྒྱུར། ང་ཚོས་ད་ལྟ་འབྲི་བཞིན་པ་ནི་ཚོན་མདོག་གི་ལམ་ཐིག་རི་མོ་ཡིན། དེས་ཉེན་བརྡའི་ནུས་པ་ཐོན་ཐུབ། མདོག་དཀར་དམར་གཉིས་འདྲེས་པའི་ལམ་ཐིག་རི་མོ་ཡིས་རླངས་འཁོར་ཁ་ལོ་བའི་མིག་ལམ་དུ་ཉེན་བརྡ་ཞིག་ཐོན་པས། རང་བཞིན་གྱིས་མགྱོགས་ཚད་ཇེ་དལ་དུ་གཏོང་ངེས་པ་རེད།

མིག་སྔར། འགྲིམ་འགྲུལ་ཉེན་རྟོག་པས་སློབ་གྲྭ་དྲུག་གི་སྒོ་མདུན་དུ་ཚོན་མདོག་གི་ལམ་ཐིག་རི་མོ་བཀོད་ཡོད། ད་ལྟ་ལྷག་ཡོད་པའི་ཚོན་རྫས་ཀྱིས་སློབ་གྲྭ་གསུམ་གྱི་སྒོ་མདུན་ལས་ལམ་ཐིག་རི་མོ་འགོད་མི་ཐུབ་པ་རེད། བཀྲ་ཤིས་ཡར་འཕེལ་གྱིས། ཚོན་མདོག་གི་ལམ་ཐིག་རི་མོའི་ཚོན་རྫས་ནི་ལྷ་ས་ནས་མི་རྙེད་པས། ནང་ལོགས་ས་ཁུལ་ནས་སྐྱེལ་འདྲེན་བྱས་ཡོང་བ་ཡིན་པ་རེད། དེ་བས་ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་དང་པོ་དང་། ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་གཉིས་པ། ལྷ་སའི་སློབ་འབྲིང་། ལྷ་ས་གྲོང་ཁྱེར་གྱི་སློབ་འབྲིང་བརྒྱད་པ། ལྷ་ས་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་གསུམ་པ་སོགས་སློབ་གྲྭ་དགུའི་སྒོ་མདུན་ཁོ་ན་ལས་ལམ་ཐིག་རི་མོ་བཀོད་ཐུབ་མེད་ཅེས་བཤད། མིག་སྔར། གྲོང་ཁྱེར་སྡོད་དམངས་ཀྱིས་བརྗོད་པའི་གནས་ཚུལ་ལྟར་ན། ཚོན་མདོག་གི་ལམ་ཐིག་གིས་ནུས་པ་ངེས་ཅན་ཐོན་ཡོད་པ་དེ་རེད།

བཀྲ་ཤིས་ཡར་འཕེལ་གྱིས་ངོ་སྤྲོད་བྱ་རྒྱུར། ཚོན་རྫས་ལ་ཚད་བཀག་ཡོད་སྟབས། ལྷ་ས་ནས་ཉོ་མི་ཐུབ་པས། ད་ལྟ་སློབ་གྲྭ་དགུའི་སྒོ་འགྲམ་མ་གཏོགས་ཚོན་མདོག་གི་ལམ་ཐིག་བཀོད་མེད། ནང་ལོགས་ས་ཁུལ་ནས་ཚོན་རྫས་ཉོས་ཡོང་རྗེས། མི་ཚོགས་མང་ས་དང་སྨན་ཁང་སོགས་ཀྱི་ཉེ་འགྲམ་ལམ་རྒྱུད་དུ་ཚོན་མདོག་གཞན་པའི་ལམ་ཐིག་འགོད་རྒྱུ་ཡིན་པས། ཁ་ལོ་བར་དྲན་སྐུལ་གྱི་ནུས་པ་འདོན་རྒྱུ་དང་། ལམ་འགྲོ་བར་བདེ་འཇགས་ཀྱི་སྣང་བ་བསྐྲུན་རྒྱུ་ཡིན།

བཀྲ་ཤིས་ཡར་འཕེལ་གྱིས་གསར་འགོད་པར། འགྲིམ་འགྲུལ་ཉིན་རེ་བཞིན་ཡར་རྒྱས་འགྲོ་བཞིན་པའི་ད་ལྟའི་སྤྱི་ཚོགས་སུ། སྔོན་འགོག་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་དགོས་ངེས་ཞིག་ཡིན་པ་རེད། ཚོན་མདོག་གི་ལམ་ཐིག་རི་མོ་ཡིས་མིག་དབང་ཐད་ནས་དོན་རྐྱེན་འགའ་རེ་བྱུང་བར་སྔོན་འགོག་བྱེད་ཐུབ་པས། དྲན་སྐུལ་གྱི་ནུས་པ་ཆེན་པོ་འདོན་ཐུབ་ཅེས་བཤད། རྗེས་ཕྱོགས་སུ་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་གྲོང་ཁྱེར་ཡོངས་ནས་ཚོན་མདོག་ལམ་ཐིག་ཚོད་ལྟ་བྱས་ཏེ། ཁ་ལོ་བའི་བདེ་འཇགས་འདུ་ཤེས་ཇེ་མཐོར་གཏོང་རྒྱུ་རེད།

ལྷ་ས་གྲོང་ཁྱེར་སློབ་འབྲིང་བརྒྱད་པའི་སྒོ་མདུན་དུ་སློབ་མ་བསུ་བར་ཡོང་བའི་ཁྱིམ་བདག་བློ་མཐུན་ཝང་གིས། སྔོན་ཆད་སློབ་གྲྭ་ཡར་ཚོགས་པའམ་མར་གྲོལ་བའི་སྐབས་སུ། སློབ་གྲྭའི་སྒོ་མདུན་དུ་འགྲོ་འོང་བྱེད་པའི་རླངས་འཁོར་དེ་འདྲ་མགྱོགས་རྒྱུ་མེད་པ་རེད། ཉིན་འདི་དག་ལ་ངས་བྱིས་པ་ཡར་སྐྱེལ་མར་ལེན་བྱེད་པའི་སྐབས་སུ། ཁ་ལོ་བ་མང་པོས་ཚོན་མདོག་ལམ་ཐིག་མཐོང་རྗེས་མགྱོགས་ཚད་ཇེ་དལ་དུ་གཏོང་བཞིན་འདུག དེའི་ཐད་ནས་གྲུབ་འབྲས་མངོན་གསལ་མངོན་འདུག གལ་སྲིད་གྲོང་ཁྱེར་ཧྲིལ་བོར་དེ་ལྟར་བྱས་ཚེ། འགྲིམ་འགྲུལ་དོན་རྐྱེན་ཧ་ཅང་བྱུང་ཉུང་བས། བྱིས་པ་ཚོ་སློབ་གྲྭར་ཡར་འགྲོ་མར་འོང་བྱེད་སྐབས་བདེ་འཇགས་ཀྱི་ཁོར་ཡུག་མཁོ་འདོན་བྱེད་ཐུབ། འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་མགྱོགས་མྱུར་ངང་གྲོང་ཁྱེར་ཡོངས་ཀྱི་ལམ་རྒྱུད་གཙོ་བོ་དང་མང་ཚོགས་འདུས་སྡོད་ཁུལ་གྱི་ལམ་རྒྱུད་དུ་ཚོན་མདོག་ལམ་ཐིག་འགོད་པའི་རེ་བ་ཡོད་ཅེས་བཤད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག