མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་《བསམ་འཆར་》བཏོན་ནས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-06-04 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱིས་《ཞིང་སྡེའི་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་》ཞེས་པ་བཏོན་ཏེ། ཞིང་སྡེའི་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ཤུགས་བསྣན་པ་དང་། ནུས་ཤུགས་ཡོད་རྒུས་བོད་ལྗོངས་ཀྱི་གཞུང་ལམ་འཛུགས་སྐྲུན་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

《བསམ་འཆར》ལས་བསྟན་དོན། ཞིང་སྡེའི་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་པ་ནི། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་སྐུལ་འདེད་དང་ས་ཁོངས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་རེད། རིམ་པ་ཁག་གི་སྡེ་ཚན་མི་འདྲ་བས་ངེས་པར་དུ་དེའི་ཐད་ལ་མཐོང་ཆེན་བྱེད་དགོས། སྐྱེ་ཁམས་སྔོན་ཐོན་དང་སྲུང་སྐྱོབ་སྔོན་ཐོན། སྲུང་སྐྱོབ་བྱེད་བཞིན་འཛུགས་སྐྲུན་བྱེད་པ། འཛུགས་སྐྲུན་བྱེད་བཞིན་སྲུང་སྐྱོབ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནི་ཞིང་སྡེའི་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་ཀྱི་དམར་ཐིག་ཏུ་བཟུང་ནས། བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོབ། གྲོན་ཆུང་བཅས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་ངེས་ཤེས་གསར་བ་དོན་འཁྱོལ་ཡོང་བ་དང་། ཞིང་སྡེའི་འགྲིམ་འགྲུལ་དང་ཁོར་ཡུག་སྲུང་སྐྱོབ་དུས་མཉམ་དུ་སྐུལ་འདེད་དང་མཐུན་སྒྲིག་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་དགོས་ཞེས་བསྟན་ཡོད།

《བསམ་འཆར》ལས་ནན་ཏུ་བསྟན་དོན། གཅིག་ནས་ཁོར་ཡུག་ཤུགས་རྐྱེན་དཔྱད་བརྗོད་མཆན་འགོད་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཆོག་མཆན་གནང་མེད་པ་དག་གཅིག་ཀྱང་འཛུགས་སྐྲུན་བྱེད་མི་ཆོག། གཉིས་ནས་ཞིང་སྡེའི་གཞུང་ལམ་གྱི་ཁོར་ཡུག་སྲུང་སྐྱོབ་དང་ཇུས་འགོད་ལེགས་པོ་བྱེད་དགོས། རྣམ་གྲངས་ཞིབ་བཤེར་དང་འཆར་འགོད་ཐད་ནས་གཞུང་ལམ་འཛུགས་སྐྲུན་བྱས་པ་ཡིས་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཡོད་མེད་དབྱེ་བ་འབྱེད་དགོས། ལས་བཟོའི་ཚད་ཐིག་གཏན་ཁེལ་དམ་པོ་བྱས་ཏེ། གདོད་མའི་སྐྱེ་ཁམས་སྲུང་སྐྱོབ་ཐད་ལ་གཙིགས་མཐོང་བྱེད་དགོས། གང་འདོད་དུ་རྒྱུ་ཆ་བསྡུ་ལེན་དང་དོར་འཕེན་བྱ་རྒྱུ་སྔོན་འགོག་བྱེད་དགོས། གསུམ་ནས་ཕྱོགས་ཡོངས་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་སོ་སོ་ལག་བསྟར་བྱས་ཏེ། བཟོ་སྐྲུན་རྩ་འཛུགས་དོ་དམ་ལ་ཤུགས་བསྣན་ནས་བཟོ་སྐྲུན་ལས་ཀ་ངེས་པར་དུ་མཐའ་ཐིག་གི་ཁྱབ་ཁོངས་སུ་ཚོད་འཛིན་བྱེད་དགོས། བཞི་ནས་རྣམ་གྲངས་བཟོ་སྐྲུན་བྱེད་པ་དེ་ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱ་དང་མཐུན་མིན་ལ་ཞིབ་བཤེར་ནན་མོ་བྱས། ཞིབ་བཤེར་ཚད་གཞི་དང་མཐུན་ཚེ་ངོས་སུ་འཁོར་སྐྱོད་བྱེད་ཆོག་པ་རེད། ལྔ་ནི་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་འོས་འགན་ལམ་ལུགས་ཆ་ཚང་བཏང་ནས། འཛུགས་སྐྲུན་གྱི་ལས་སུ་ཞུགས་མཁན་སོ་སོའི་འོས་འགན་མངོན་གསལ་དང་། ཁོར་ཡུག་སྲུང་སྐྱོང་བྱ་ཐབས་སོ་སོ་ལག་བསྟར་ནུས་ལྡན་ཐོན་པར་འགན་ལེན་བྱེད་དགོས། དྲུག་ནས་ཁོར་ཡུག་སྲུང་སྐྱོབ་ཞབས་ཞུ་སྐུལ་འདེད་གཏོང་རྒྱུ་ནི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་རག་ལས་པས། སྡེ་ཁག་དང་འཛུགས་སྐྲུན་དུ་ཞུགས་པའི་ལས་ཁུངས་སོ་སོ་དང་། མང་ཚོགས་བཅས་ཀྱི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་ཇེ་མཐོར་བཏང་སྟེ། འཛུགས་སྐྲུན་ཁོར་ཡུག་ལེགས་པོ་བསྐྲུན་དགོས།

《བསམ་འཆར》གྱི་བླང་བྱའི་ནང་བསྟན་དོན། སྡེ་ཚན་སོ་སོས་རྩ་འཛུགས་དབུ་ཁྲིད་ལ་ཤུགས་བསྣན་ནས་ཁོར་ཡུག་སྲུང་སྐྱོབ་ལས་འགན་རིམ་བཞིན་ལག་བསྟར་བྱེད་དགོས། རྫོང་ཁག་སོ་སོའི་མི་དམངས་སྲིད་གཞུང་ནི་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་དང་དོ་དམ་འགན་འཁྲི་ཅན་གཙོ་བོ་ཡིན་པའི་ཆ་ནས། འཛུགས་སྐྲུན་ལས་ཁུངས་ཀྱིས་སྒྲུབ་པའི་ཁོར་ཡུག་སྲུང་སྐྱོབ་ལས་འགན་ལག་བསྟར་དང་། ཁོར་ཡུག་སྲུང་སྐྱོབ་བྱ་ཐབས་ལག་བསྟར། ཁྲིམས་དང་བསྟུན་ནས་ཁོར་ཡུག་སྲུང་སྐྱོབ་ཁྲིམས་འགལ་བྱ་སྤྱོད་ཞིབ་བཤེར་བྱེད་པ་བཅས་ཁྲིམས་དང་བསྟུན་ནས་དོ་དམ་ལ་ཤུགས་སྣོན་དང་། འཛུགས་སྐྲུན་ལ་ལྟ་སྐུལ་བྱེད་དགོས། ཁོར་ཡུག་སྲུང་སྐྱོབ་སྲིད་འཛིན་དོ་དམ་སྡེ་ཁག་གི་འགན་ཁུར་ཚོགས་པས། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཤུགས་རྐྱེན་ལ་དཔྱད་བརྗོད་དང་། རྣམ་གྲངས་འཆར་འགོད་ཁྲོད་ཀྱི་ཁོར་ཡུག་སྲུང་སྐྱོབ་རྣམ་གྲངས་ལག་བསྟར་བཅས་བྱེད་དགོས། འཛུགས་སྐྲུན་ལས་ཁུངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་དང་དོ་དམ་སྒྲིག་གཞི་དང་འགན་ཁུར་ལམ་ལུགས་ཆ་ཚང་བཙུགས་ནས། ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ནན་མོ་དང་། ཁོར་ཡུག་སྲུང་སྐྱོབ་བྱ་ཐབས་ཁག་ལག་བསྟར་ནན་མོ་བཅས་བྱས་ཏེ། དོན་དངོས་སུ་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་སླར་གསོའི་ལས་འགན་ལག་བསྟར་དོན་འཁྱོལ་བྱ་དགོས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག