མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་སར་ཨང་རྟགས་C4F6ཡི་དམངས་སྒོར་བརྒྱ་ཤོག་རྫུན་མ་བྱུང་།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   2014-06-04 10:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་དྲ་གྲོགས་OOཡིས་བོད་ལྗོངས་ཚོང་དོན་ཚགས་པར་གྱི་ལྷ་སའི་དུས་དོན་བགྲོ་གླེང་ཚོགས་པར། རང་ཉིད་ལ་C4F6ཅན་གྱི་དམངས་སྒོར་བརྒྱ་ཤོག་རྫུན་མ་ཞིག་འབྱོར་བྱུང་། དང་ཐོག་ངས་ཤེས་མ་བྱུང་། དངུལ་ཁང་དུ་དངུལ་འཇོག་སྐབས་དེ་གའི་ལས་བྱེད་པས་ང་ལ་ཁྱེད་ཀྱི་དངུལ་འདི་དག་གི་ཁྲོད་དུ་སྒོར་རྫུན་མ་ཞིག་འདུག་ཅེས་ལབ་བྱུང་། དྲ་གྲོགས་དེས་དུས་དོན་བགྲོ་གླེང་ཚོགས་པར་བརྒྱུད་དེ་རྒྱ་ཆེའི་གྲོང་ཁྱེར་གྱི་སྡོད་དམངས་ལ་རྒྱུན་ལྡན་འཚོ་བའི་ནང་མི་གཞན་གྱི་སྒོར་མོ་ལ་ཡིད་འཇོག་བྱེད་དགོས་པའི་དྲན་སྐུལ་གནང་འདོད་ཡིན་ཞེས་བསྐུར་འདུག

ཁ་སང་དྲ་གྲོགས་OOཡིས་ལྷ་སའི་ཚོང་དོན་ཚགས་པར་གྱི་ལྷ་སའི་དུས་དོན་བགྲོ་གླེང་ཚོགས་པའི་ནང་འདྲ་པར་གཉིས་བསྐུར་བྱུང་ལ། གཅིག་ནི་ཨང་རྟགས་ C4F6605154ཡི་སྒོར་བརྒྱ་ཤོག་རྫུན་མ་ཡིན་པ་དང་། གཅིག་ནི་སྦྲགས་སྲིད་ཉར་གསོག་དངུལ་ཁང་གི་རྩིས་ལེན་དཔང་ཡིག་རེད། ད་དུང་ཁོང་གིས་ང་ལ་སྒོར་རྫུན་མ་འབྱོར་བ་དང་། ད་ལྟ་དངུལ་ཁང་གིས་རྩིས་ལེན་གནང་ཟིན་ཚུལ་བརྗོད་པ་མ་ཟད། རྒྱ་ཆེའི་གྲོང་ཁྱེར་སྡོད་དམངས་ཀྱིས་ཡིད་འཇོག་བྱེད་དགོས་ཞེས་དྲན་སྐུལ་གནང་འདུག།

དེའི་རྗེས་གསར་འགོད་པས་དྲ་གྲོགས་དེ་ལ་ཞལ་པར་བཏང་ནས་གནས་ཚུལ་ལ་རྒྱུས་ལོན་གནང་། དྲ་གྲོགས་དེ་ནི་ལྷ་སར་གསོལ་ཁང་གཉེར་བའི་སྦྱིན་བདག་ཡུན་རེད། སྐུ་ཞབས་ཡུན་གྱིས། ངས་ལྷ་སར་གསོལ་ཁང་ཞིག་གཉེར་ཡོད། དུས་རྒྱུན་གསོལ་ཁང་གི་ཚོང་རྒྱུག་ཆེ་བས། ཉིན་གསུམ་ནས་བཞིའི་ནང་དངུལ་ཁང་དུ་ཕྱིན་ནས་དངུལ་འཇོག་དགོས། དུས་ད་བར་དུ་དངུལ་རྫུན་མ་འབྱོར་མ་མྱོང་བས་དེའི་ཕྱོགས་ལ་དོ་སྣང་ཆེར་མ་བྱས་པས། དངུལ་རྫུན་མ་དེ་ག་དུས་ལག་ཏུ་འབྱོར་བ་ཡང་ཤེས་ཁག་པོ་རེད་ཟེར། ཁ་སང་སྐུ་ཞབས་ཡུན་གྱིས་ཚོང་གཉེར་མ་དངུལ་ཁྲི་ཁ་ཤས་འཁྱེར་ནས་དངུལ་ཁང་དུ་འཇོག་པར་ཕྱིན་པ་ན། དངུལ་བཤེར་ཆས་ཀྱིས་ཞིབ་བཤེར་གནང་རྗེས་ཤོག་སྒོར་གཅིག་ཕྱིར་ཐོན་བྱུང་། དངུལ་ཁང་གི་ལས་བྱེད་པས་འདི་ནི་དངུལ་རྫུན་མ་ཞིག་རེད་ཟེར། དངུལ་ཁང་གི་ལས་བྱེད་པས་ཁོང་ལ་དོགས་པ་ཟ་བའི་མིག་གིས་ལྟ་བ་དེར། སྐུ་ཞབས་ཡུན་གྱིས་ང་རང་གསོལ་ཁང་གཉེར་མཁན་ཞིག་ཡིན། གནས་ཚུལ་ངོ་མ་ཅི་ཡིན་པ་མི་ཤེས་ཞེས་ལམ་སང་གསལ་འགྲེལ་བརྒྱབ་པས། དངུལ་ཁང་གི་ལས་བྱེད་པས་རྩད་འདྲི་བྱེད་མཚམས་བཞག་ནས་ཨང་རྟགས་C4F6605154ཡི་ཤོག་སྒོར་རྫུན་མ་དེ་རྩིས་ལེན་བྱས་བྱུང་།

སྐུ་ཞབས་ཡུན་གྱིས་དངུལ་ཁང་གི་དངུལ་འཇོག་སྟེགས་བུ་ནས་དངུལ་རྫུན་མ་དང་རྩིས་ལེན་དཔང་ཡིག་པར་བརྒྱབ་ཏེ། ལྷ་སའི་དུས་དོན་བགྲོ་གླེང་ཚོགས་པར་བསྐུར་བ་དང་། ཁོང་གིས་ཚོགས་པ་དེ་བརྒྱུད་ནས་རྒྱ་ཆེའི་གྲོང་ཁྱེར་སྡོད་དམངས་ཀྱིས་དུས་རྒྱུན་འཚོ་བའི་ཁྲོད་འབྱོར་བའི་མི་དམངས་ཤོག་སྒོར་ལ་ཡིད་འཇོག་བྱེད་དགོས་པའི་དྲན་སྐུལ་གནང་འདོད་པ་དེ་རེད།

གསར་འགོད་པས་དངུལ་ཁང་ནས་རྒྱུས་ལོན་པ་ལྟར་ན། ཉིན་དེར་རྩིས་ལེན་བྱས་པའི་དངུལ་རྫུན་མ་དེའི་ཁ་དོག་དང་། སྤུས་ཚད། མཐུག་ཚད་སོགས་གང་གི་ཆ་ནས་དངུལ་ངོ་མ་དང་ཁྱད་པར་མེད་པས། སེམས་ཞིབ་མོས་སྒོར་ངོས་ཀྱི་ཆུ་རིས་མགོ་པར་ལ་ཆེད་ལས་བཤེར་ཆས་ཀྱིས་ཞིབ་བཤེར་བྱས་ན་ད་གཟོད་དབྱེ་བ་འབྱེད་ཐུབ་པ་རེད། དངུལ་ཁང་གི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཉེ་ལམ་དངུལ་རྫུན་མ་དེ་རིགས་གཅིག་རེ་གཉིས་རེ་བྱས་ནས་ཤེས་པ་མ་གཏོགས་མང་པོ་བྱུང་མེད་ལ། དེ་དག་ཀྱང་གནས་ཚུལ་མི་ཤེས་པའི་གྲོང་ཁྱེར་སྡོད་དམངས་ཀྱིས་དངུལ་ཁང་དུ་དངུལ་འཇོག་སྐབས་ད་གཟོད་ཤེས་པ་རེད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག