མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མི་རིགས་ཁག་གི་ལོ་ཆུང་བྱིས་པ་ཚོ་སྤྲོ་སྣང་ལྡན་ལ་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།   2014-06-03 10:53

ཁྲེན་ཆོན་གོས་ཐུགས་སྣང་གཤིན་པོས་སློབ་ཕྲུག་ཚོ་དང་མཉམ་དུ་གནམ་གྲུའི་དཔེ་དབྱིབས་བཟོ་བཞིན་པ།
ཁྲེན་ཆོན་གོས་འཛིན་གྲྭའི་ཚོགས་འདུ་འཚོགས་མཁན་སློབ་ཕྲུག་ཚོ་དང་བཀའ་མོལ་གནང་བ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེའི་སྐབས་ཀྱི་ཟླ5ཚེས30ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ལྷ་ས་གྲོང་ཁྱེར་རྗེ་འབུམ་སྒང་སློབ་ཆུང་དུ་ཕེབས་ནས་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་དུས་ཆེན་དགའ་གཏོང་གནང་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལོ་ཆུང་བྱིས་པར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་མ་ཟད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པའི་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་གནང་བ་རེད། རྗེ་འབུམ་སྒང་སློབ་ཆུང་དུ་འཛུལ་སྐབས་ལོ་ཆུང་གདོང་ལེན་རུ་མི་ཁག་གཅིག་གིས་དགའ་སྤྲོའི་ངང་ཧྲུའུ་ཅིའི་མདུན་བསུས་པ་དང་བོད་ཆས་གྱོན་པའི་བོད་རིགས་སློབ་མ་བདེ་དབྱངས་ཀྱིས་ཧྲུའུ་ཅི་ཁྲེན་ཆོན་གོ་ལ་སྐེ་དར་གཡོགས་པ་རེད།ཁྲེན་ཆོན་གོས་ཞལ་མོ་བཞད་བཞིན་ཕྲུ་གུ་ཚོར་འཚམས་འདྲི་གནང་བ་མ་ཟད།དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཀྱང་ཞུས་གནང་བ་རེད། ལོ་རིམ་བཞི་པའི་འཛིན་གྲྭ་བཞི་པའི་ནང་“ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་འཚོགས་བཞིན་ཡོད་ལ།སློབ་ཁང་ནས་ “མི་རིགས་ལྔ་བཅུ་ང་དྲུགམེ་ཏོག་ལྔ་བཅུ་ང་དྲུག་དང་འདྲ། མི་རིགས་ལྔ་བཅུ་ང་དྲུག་ཁྱིམ་ཚང་གཅིག་ལྟར་ཡིན”

ཁྲེན་ཆོན་གོས་སེམས་བཟང་ཚིག་ནན་ངང་ང་ཚོའི་རླབས་ཆེན་མེས་རྒྱལ་ནི་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་གཅིག་ཡིན། རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་ལ། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཡང་ཁ་འབྲལ་ཐབས་མེད་པ་མ་ཟད། གྲངས་ཉུང་མི་རིགས་དབར་དེ་བས་ཁ་འབྲལ་ཐབས་མེད། མི་རིགས་ཁག་གི་གྲོགས་པོ་ཆུང་ཆུང་ཚང་མ་ནི་མེས་རྒྱལ་གྱི་མེ་ཏོག་ལྟ་བུ་ཡིན་པས། ཆུང་དུས་ནས་ཕན་ཚུན་རོགས་རམ་དང་མཐུན་སྒྲིལ་དགའ་གཅེས་བྱེད་དགོས་པ་དང་མེས་རྒྱལ་གྱི་ཉི་འོད་འོག་མཉམ་དུ་སྤྲོ་སྣང་ལྡན་ལ་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

ལོ་རིམ་ལྔ་པའི་འཛིན་གྲྭ་དང་པོའི་སློབ་ཁང་ནང་དགེ་རྒན་གྱི་སྣེ་ཁྲིད་འོག་ཕྲུ་གུ་ཚོས་དགའ་སྤྲོའི་ངང་གནམ་གྲུའི་དཔེ་དབྱིབས་བཟོ་བཞིན་ཡོད། ཁྲེན་ཆོན་གོ་གྲོགས་པོ་ཆུང་ཆུང་ཚོའི་འཁྲིས་སུ་བཞུགས་ཏེ་ཕྲུ་གུ་ཚོས་བཟོས་པའི་གནམ་གྲུ་རེ་རེ་ཕྱག་ཏུ་བསྣམས་ནས་དགའ་སྤྲོའི་ངང་ཕྲུ་གུ་ཚོ་དང་མཉམ་དུ་གནམ་གྲུ་བཟོ་སྟངས་དང་དེའི་སྐོར་གླེང་ནས་ཆུང་དུས་ནས་ཚན་རིག་ལ་དགའ་ཞེན་དང་། ཚན་རིག་སློབ་སྦྱོང་།ཚན་རིག་བེད་སྤྱོད་བཅས་བྱས་ནས་ལག་པ་འགུལ་རྒྱུར་དགའ་བ་དང་གསར་གཏོད་ཀྱི་འཇོན་ཐང་ལྡན་པ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་སྐུལ་ལྕག་གནང་བ་རེད།

ལོ་རིམ་གསུམ་པའི་འཛིན་གྲྭ་དང་པོའི་གྲོགས་པོ་ཆུང་ཆུང་ཚོ་ཤོག་བུ་དྲས་ནས་བཟོ་ལྟ་འདྲ་མིན་སྣ་ཚོགས་ཀྱི་བརྩམས་ཆོས་བཟོ་བཞིན་པའི་སྐབས། ཧྲུའུ་ཅི་ཁྲེན་ཆོན་གོ་ཕེབས་པ་མཐོང་རྗེས། ཚང་མ་དགའ་ཐག་ཆོད་ནས་རང་ཉིད་ཀྱི་བརྩམས་ཆོས་ཁྲེན་ཆོན་གོར་སྤྱན་འབུལ་ཞུས་པ་རེད། ཁྲེན་ཆོན་གོས་ཕྲུ་གུ་ཚོའི་བརྩམས་ཆོས་ལ་གཟིགས་རྗེས།ཐུགས་མགུ་པོ་བྱུང་བ་དང་སངས་རྒྱས་བཀྲ་ཤིས་ཀྱི་བརྩམས་ཆོས་ཐོག་ “བདག་ཀྲུང་ཧྭ་ལ་དགའ།ཤེས་ལྡན་པར་འགྱུར་བར་བརྩོན། མེས་རྒྱལ་ལ་དྲིན་ལན་འཇལ་རྒྱུར་བརྩོན། བསྐྱར་དར་གྱི་ཕུགས་འདུན་མངོན་པར་སྨོན། གྲོགས་པོ་ཆུང་ཆུང་ཚོར་དྲུག་གཅིག་བྱིས་པའི་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ” ཞེས་པའི་སྨོན་ཚིག་བྲིས་གནང་བ་རེད། ལོ་རིམ་གཉིས་པའི་འཛིན་གྲྭ་བཞི་པའི་སློབ་ཁང་ནང་“ང་ནི་ལོ་ཆུང་གདོང་ལེན་རུ་མི་ཡིན་པས།ངས་འཇོན”ཅེས་པའི་ལོ་ཆུང་གདོང་ལེན་རུ་ཁག་ནང་ཞུགས་པའི་རྟེན་འབྲེལ་བྱེད་སྒོ་སྤེལ་བཞིན་ཡོད། ཁོང་སློབ་ཁང་དུ་ཕེབས་ནས་ལོ་ཆུང་གདོང་ལེན་རུ་ཁག་ནང་ཞུགས་མ་ཐག་པའི་ཕྲུ་གུ་ཚོར་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེའི་སྐབས་སུ་ལོ་ཆུང་གདོང་ལེན་རུ་ཁག་ནང་ཞུགས་པ་དེར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། གྲོགས་པོ་ཆུང་ཆུང་ཚོས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་བྱས་ཏེ་སྐེ་དར་དམར་པོར་གཟི་བརྗིད་གསར་པ་བསྣན་དགོས་ཞེས་གསུངས་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག