མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

“འདི་གའི་དཔྱིད་ཀ་མཛེས་ཤིང་ལྟ་ན་སྡུག”

ཨ་མདོ་རྫོང་རྩ་རིང་གྲོང་རྡལ་སྐྱ་རྔོག་སློབ་ཆུང་གི“དྲུག་གཅིག”རིག་རྩལ་འཁྲབ་སྟོན་གྱི་སྐོར་རགས་ཙམ་བཀོད་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-05-31 11:05

འདི་ནི་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་སྐྱ་རྔོག་སློབ་ཆུང་གི་སློབ་མ་ཚོས“དྲུག་གཅིག”དགའ་གཏོང་བྱེད་པའི་གནས་ཚུལ་ཡིན་པ།

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་པར་སླེབས་ཀྱང་བྱང་རྩྭ་ཐང་གི་དབུས་སུ་ད་དུང་དབྱར་གྱི་དཔལ་ཡོན་བཞད་མེད་པ་དང“དྲུག་གཅིག”བྱིས་པའི་དུས་ཆེན་སླེབས་ལ་ཉེ་ཡང་ཁ་བའི་འདབ་མ་སྔར་བཞིན་ལྷབ་ལྷུབ་ཏུ་འབབ།དེ་ལྟར་ཡིན་རུང་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་སྐྱ་རྔོག་སློབ་ཆུང་གི་སློབ་སྤྱི་རྡོ་རྗེ་རབ་བརྟན་བྲེལ་བརྩོན་ཆེན་པོས་ལས་ལ་གཞོལ་བཞིན་མཆིས།ཕྲུ་གུ་རྣམས་ལ་སྤྲོ་སྣང་སྦྱིན་ཆེད་ཁོང་གིས་ཟླ་ལྔ་པར་ཁོམ་པ་བྱུང་རིམ་བཞིན་དུད་ཚང་དུ་བསྐྱོད་ནས་ཟླ་བ་གཅིག་རིང་རྒྱུན་མཐུད་དེ་མགྲོན་ཤོག་བཀྲམས།

    ཟླ་5ཚེས་27ཉིན་གྱི་དགོང་མོའི་ཆུ་ཚོད་11ཙམ་དུ་རྡོ་རྗེ་རབ་བརྟན་གྱིས་མགྲོན་ཤོག་མཐའ་མ་དེ་བསྐྱལ་ཚར་རྗེས་གཞི་ནས་ལྷོད་ལྷོད་དུ་གྱུར།“དེ་ནི་འབྲོག་ཁུལ་གྱི་དོན་ཆེན་ཞིག་རེད།ཨ་མདོ་རྫོང་སློབ་གསོ་ཅུས་དང་རྩ་རིང་གྲོང་རྡལ་སྲིད་གཞུང་གི་ལས་དོན་པ་དང་།གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁགའབྲོག་ཁུལ་གྱི་ཕྲུ་གུ་བརྒྱ་ཙམ་གྱི་ཁྱིམ་བདག་བཅས་གཅིག་ཀྱང་མ་ལུས་པར་ཚང་མ་གདན་འདྲེན་ཞུས་ཡོད”ཅེས་པ་དེ་ཐོག་ནས་རྡོ་རྗེ་རབ་བརྟན་ནི་ཁ་རི་ཁ་ཐུག་ཅིག་ཡིན་པ་གསལ་པོར་རྟོགས་ལ་ཁོང་གིས་ཤོད་ཐེངས་གཅིག་ལ་སྐད་ཆ་ཚང་མ་བཤད་ཚར་ན་ཅི་མ་རུང་སྙམ་གྱི་འདུག

    ཁོང་གིས“ཕྲུ་གུ་རྣམས་ཆེན་པོ་ཆགས་རྗེས་རང་ཉིད་བྱིས་པའི་དུས་ཀྱི་དྲན་སྣང་ནི་ལུག་འཚོ་བ་དང་ལྕི་བ་སྒྲུག་པ་ཁོ་ན་མིན་པར།མ་མཐར་ཡང་ཁོང་ཚོར་སྤྲོ་སྣང་ལྡན་པའི་བྱིས་དུས་ཤིག་དགོས་ངེས་རེད”ཅེས་བཤད།

    ཟླ་5ཚེས་28ཉིན་ཞོགས་པ་སྐྱ་མདའ་བཏང་མ་ཐག་སྐྱ་རྔོག་སློབ་ཆུང་ནས་སྙན་འཇེབས་ལྡན་པའི་རྩྭ་ཐང་གི་འབྲོག་གླུ་གྲགས་འོང་ཞིང་།ཐག་རིང་ནས་སླེབས་པའི་ཁྱིམ་བདག་ཚོས་ཕི་ཁ་རླངས་འཁོར་དང་།མན་པའོ་རླངས་འཁོར།སྦག་སྦག་སོགས་བཏང་སྟེ་སློབ་གྲྭའི་ཉེ་འགྲམ་ཡོངས་སུ་ཁེངས་ནས་འདུག་ལ།བུད་མེད་ཚོས་བྱང་ཐང་འབྲོག་མོའི་ལྭ་རིང་དང་སྐེད་པར་རྒྱན་ཆ་སྣ་ཚོགས་བཏགས་ཏེ་རང་ཉིད་མཛེས་པར་བརྒྱན་པ་དང་།ད་ལྟ་གངས་བབས་མ་ཐག་པའི་རྩྭ་ཐང་དུ་འཛོམས་པས་རྩྭ་ཐང་གི་མཚར་སྡུག་རྣམ་པར་བཀྲ་བའི་མེ་ཏོག་དང་འདྲ་བར་མིག་ལ་ཧ་ཅང་མཛེས།

    “དྲུག་གཅིག”བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་མཛད་སྒོ་འགོ་ཚུགས་སོང་།གྱོན་ཆས་ཧར་པོ་གྱོན་པའི་ཕྲུ་གུ་ཚོ་རུ་སྟར་བསྒྲིགས་པའི་ནང་དར་ཆ་འཁྱེར་མཁན་དང་།གཟབ་སྦྲེང་རུ་ཁགརོལ་ཆ་རུ་ཁགའཁྲབ་སྟོན་རུ་ཁག་སོགས་ཡོད།ཕྲུ་གུ་ཚོ་ལུས་རྩལ་ཐང་དུ་སྐྱོད་དུས་ཁོང་ཚོའི་དྭངས་ཤིང་གཙང་བའི་མིག་ཟུང་ལས་ངོ་ཚ་བྱེད་པ་རྟོགས་ཐུབ་ཅིང་།ཚུལ་དེར་བལྟས་ན་ཁོང་ཚོ་གཟབ་མཆོར་ལེགས་པར་སྤྲས་ཏེ་མི་མང་པོའི་ཁྲོད་དུ་དེ་ཙམ་གོམས་མེད་པ་འདྲ།

    ཕྲུ་གུ་ཚོས་རོལ་དབྱངས་དཀྲོལ་ཏེ་སློབ་གྲྭར་སླེབས་པའི་ཁྱིམ་བདག་ཚོར་དུས་རྒྱུན་ཁོང་ཚོས་ངོམ་སྟོན་མི་བྱེད་པའི་ཁྱད་ཆོས་གསལ་པོར་སྟོན།ཁྱིམ་བདག་ཚོས་ལུས་རྩལ་ཐང་མཐའ་བསྐོར་ནས་བསྡད་ཡོད་པ་དང་ཕན་ཚུན་དབར་དགའ་སྤྲོའི་གཏམ་ཤོབ་ཤོབ་ཏུ་ཤོད་བཞིན་མཆིས།

    རྟ་རྒྱུག་འགྲན་པའི་ཉིན་དེར་གནམ་མཁའ་དྭངས།

    ཟླ་5ཚེས་29ཉིན་དགུང་ཨ་སྔོན་དབྱིངས་ཀྱི་སྤྲིན་ནག་གི་ཚོགས་རྣམས་ཀྱང་སྔ་ས་ནས་བྲོས་ཏེ་ཉི་མའི་འཛུམ་ཞལ་ངོམས།ཕྲུ་གུ་ཚོས་ཁྱིམ་བདག་དང་ལྷན་དུ“དམག་རྟ”རྣམས་འགྲན་རར་ཁྲིད་འོང་།དེ་རིང་ཕྲུ་གུ་ཚོས་རྟ་པའི་ཆས་དང་སོག་ཞྭ་གྱོན་ཁར།ཁོང་ཚོའི“དམག་རྟར”ཡང་མེ་ཏོག་དང་རས་སོགས་ཀྱིས་ལེགས་པར་བརྒྱན་པས་ཉམས་དོད་པོ་ཞིག་འདུག

    ཕྲུ་གུ་ཚོས་རང་ཉིད་ཀྱི་རྟ་ལ་བཞོན་ཏེ་ཀི་སྒྲ་སྒྲོགས་བཞིན་རྟ་ཕོ་ལྕག་གིས་བསྐུལ་ནས་ཡངས་པའི་རྩྭ་ཐང་དུ་འབྲོང་ཆུང་དར་མ་འདྲ་བའི་དཔའ་ཉམས་ངོམ་བཞིན་མཆིས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག