མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་ཚོགས་འདུ་གཙོ་སྐྱོང་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-05-12 09:33

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས་9ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཝུའུ་དབྱིང་ཅེས་ལྷ་སར་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་བདེ་པུའི་འབྲེལ་ཡོད་ཚོགས་འདུ་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་བཀོད་མཛུབ་སྟོན་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ་འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་ལྗོངས་ཡོངས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།

    ཝུའུ་དབྱིང་ཅེས་ད་ཕན་ལོ་ཤས་རིང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ལྗོངས་ཏང་ཨུད་ཀྱི་ནུས་ལྡན་གྱི་གཅིག་འདོམས་འོག་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་བཅུ་དོན་འཁྱོལ་གཏིང་ཟབ་བྱུང་བ་དང་བརྟན་ལྷིང་སྲུང་སྐྱོང་གི་ལམ་སྲོལ་བཙུགས་པ་དང་འཐུས་ཚང་ཕྱིན་པར་བརྟེན་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བརྟན་ལྷིང་བསམ་པ་དང་། འཕེལ་རྒྱས་དོན་གཉེར། ཞི་མཐུན་ལ་སྐུལ་འདེད་བཏང་བ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་དང་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་བཅས་ཕྱིན་མོད། འོན་ཀྱང་མངའ་ཁོངས་ཕྱི་ནང་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཕོག་པར་བརྟེན་དུས་བབ་གསར་པའི་འོག་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས་ཐད་འཕྲད་པའི་ཉེན་ཁ་དང་འགྲན་སློང་མང་དུ་ཕྱིན་པ་དང་།

    འཇིགས་སྐུལ་གཏུམ་སྤྱོད་བྱེད་སྤྱོད་ཐད་གནས་ཚུལ་གསར་པ་དང་། ཁྱད་ཆོས་གསར་པ། འཕེལ་ཕྱོགས་གསར་པ་བཅས་ཐོན་པ། བོད་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་མདུན་མར་གནས་པ། རྙོག་འཛིང་ཆེ་ལ་ཛ་དྲག་པའི་འཐབ་རྩོད་དུས་བབ་སྔར་བཞིན་འཕྲད་པ། གཏུམ་སྤྱོད་འཇིགས་སྐུལ་གྱི་གཏོར་བཤིག་བྱེད་སྤྱོད་འགོག་རྒྱུ་དེ་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་འགངས་ཆེའི་གནད་དོན་ལ་གྱུར་ཡོད། དེར་བརྟེན་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་འཛུགས་པ་དང་ས་སྲུང་འགན་འཁྲི་མཐའ་འཁྱོངས་བྱེད་པ་དང་། བློ་ཁོག་ཆེན་པོས་འགན་འཁྲི་འཁུར་བ་དང་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་ཀྱི་ཐོག་ནས་རང་འགུལ་བཅོས་སྐྱོང་ཟབ་ཏུ་གཏོང་བ་དང་། མཉམ་འགོག་མཉམ་བཅོས་ལ་ཤུགས་སྣོན་བརྒྱབ་ནས་གཏུམ་སྤྱོད་འཇིགས་སྐུལ་གྱི་བྱེད་སྤྱོད་སྔོན་འགོག་དང་དེར་རྡུང་རྡེག་ཚ་ནན་བཏང་སྟེ་བོད་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཟུང་འབྲེལ་དམ་ཟབ་བྱས་ཏེ་བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་མཐོ་རུ་བཏང་ནས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་ཉེན་ཁ་དང་སེམས་ཁྲལ་གྱི་འདུ་ཤེས་ཆེན་པོས་ཀྲུང་དབྱང་གི་དགོངས་དོན་དང་སྤྱི་བདེ་པུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བརྟན་ལྷིང་སྲུང་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་འབྲེལ་ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་འགོད་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་གསར་པར་དམིགས་ནས་ཉེན་བརྡ་ཡུན་རིང་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལས་ཀའི་བྱེད་ཐབས་འཐུས་ཚང་དུ་གཏོང་བ། རིམ་ཁག་གི་འགན་འཁྲི་ནན་དུ་གཏོང་བ། ལྟ་སྐུལ་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་བྱས་ཏེ་ནུས་ལྡན་གྱི་བྱེད་ཐབས་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་དང་དགྲ་ཡའི་ཕྱོགས་གཏོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་ལྐོག་གཡོ་མཐའ་གཅིག་ཏུ་ཐལ་བའི་རྡུལ་དུ་རློག་དགོས། གཅིག་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་རྒྱུ་མཐའ་འཁྱོངས་དང་འབྱུང་རྩ་ནས་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གཏན་འཁེལ་བའི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་གཏིང་ཟབ་དང་སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བ་དང་། ཁྲིམས་ལྟར་གྲི་དང་འབར་སླ་བའི་དངོས་རྫས་ཞིབ་བཤེར་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རླངས་སྣུམ་བླུགས་པ་དང་སྤྱོད་པའི་བདེ་འཇགས་དོ་དམ་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་བཅས་བྱས་ནས་འབྱུང་རྩ་ནས་འཇིགས་སྐུལ་གཏུམ་སྤྱོད་དང་འབྲེལ་བའི་མངོན་མེད་རྐྱེན་ངན་མེད་པ་བཟོ་དགོས་པ་དང་། གཉིས་ནས་ཆེད་ལས་ཀྱི་ལག་རྩལ་མི་སྣ་དང་མི་དམངས་མང་ཚོགས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་མཉམ་འགོག་དང་མཉམ་དུ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་སྣ་འདུ་འཛོམས་མང་བ་དང་རིགས་ཁག་གི་དམངས་འཚོའི་དམིགས་ཚད་གཙོ་བོར་བཟུང་ནས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་། གཞི་རིམ་ཏང་སྲིད་རྩ་འཛུགས། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང“གཉིས་ལྡན་དུད་སྦྲེལ”བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་གཏོང་བ། འཇིགས་སྐུལ་ལ་ངོ་རྒོལ་དང་གཏུམ་སྤྱོད་འགོག་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དངོས་འཐབ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མཐུན་སྦྱོར་མཉམ་འགུལ་དང་ཐུན་མོང་བདེ་འཇགས་འགན་ལེན་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས་པ། གསུམ་ནས་མང་ཚོགས་ལམ་ཕྱོགས་ལག་ལེན་དང་ཞབས་ཞུའི་ཁྲིད་སྟོན་མངོན་པ་བྱས་ཏེ་ཁྲིམས་ལྟར་དོ་དམ་བྱ་རྒྱུ་དེ་ཞབས་ཞུ་ཁྲིད་སྟོན་ནང་ཁྱབ་པ་བྱེད་པ་དང་ཞབས་ཞུ་ཁྲིད་སྟོན་གྱིས་ཁྲིམས་ལྟར་དོ་དམ་ལ་སྐུལ་འདེད་གཏོང་བ་དང་། རིགས་ཁག་གི་འགལ་ཟླ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སེལ་བ། མང་ཚོགས་ཀྱི་བདེ་འཇགས་བསམ་པ་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    མཇུག་ཏུ་ཝུའུ་དབྱིང་ཅེས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “ཁ་འབྲལ་ཐབས་མེད་པ་གསུམ”མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་ཐུན་མོང་ཐོག་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་སྐུལ་སློང་བྱེད་དགོས་པ་དང་། ཁྲིམས་སྐྱོང་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཁྲིམས་ལྟར་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང་ཁྲིམས་ལྟར་རིགས་ཁག་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པ། སློབ་གསོ་ཁྲིད་སྟོན་དམ་འཛིན་ཡག་པོ་བྱས་ནས་འཇིགས་སྐུལ་ལ་ངོ་རྒོལ་དང་གཏུམ་སྤྱོད་འགོག་པའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་རྒྱ་ཁྱབ་དང་གཏིང་ཟབ་ངང་སྤེལ་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམངས་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ། ཁོངས་གཏོགས་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དེ་བཞིན་ལྟ་སྐུལ་ཞིབ་བཤེར་ནན་དུ་བཏང་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།(པ་སངས་ཀྱིས་བསྒྱུར། པ་སངས་དང་མཚམས་གཅོད་ཀྱིས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག