མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-05-12 09:33

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཉེ་དུས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་འཚོགས་ནས《བོད་རང་སྐྱོང་ལྗོངས་ཀྱི་ས་ཡོམ་འཕྲལ་སྡོམ་སྔོན་བཀོད་ཇུས་གཞི(བཟོ་བཅོས)》དང《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས>སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས》《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་2014ལོའི་སྲིད་གཞུང་སྒྲིག་སྲོལ་རྣམ་གྲངས་བཟོ་བའི་འཆར་འགོད》《བོད་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་ཐོན་ཟོག་ལས་རིགས་མཐུན་ཚོགས་འཛུགས་པ་དང་ཐོ་འགོད་བྱ་རྒྱུའི་སྐོར་གྱི་དགོངས་སྐོར》སོགས་ལ་ཞིབ་འཇུག་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་རེད།

    ཚོགས་འདུའི་ཐོག《སྔོན་བཀོད་ཇུས་གཞི》དེ་གཙོ་བོ་སྤྱོད་གོ་ཆོད་པ་ཞིག་དགོས་ཤིང་། རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་གྱི་ལས་དོན་གྱི་དོན་དངོས་དང་འཚམ་དགོས་ལ་རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་གྱི་ཁོངས་མིའི་ཚན་པ་ཁག་དང་སྤྱི་ཚོགས་ཡོངས་ཀྱི་ལེགས་ཆ་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་འདོན་སྤེལ་ཡང་བྱེད་དགོས། གཙོ་བོ་ཞིབ་ཚགས་པོ་ཞིག་དགོས་ཤིང་། 《སྔོན་བཀོད་ཇུས་གཞི》ཞིབ་ཚགས་སུ་གཏོང་རྒྱུའི་སྐོར་གྱི་རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁྲིར་གཞིགས་ཏེ་འཕྲལ་སྡོམ་དང་ལེན་མགྱོགས་པ་དང་། སྐུལ་སློང་ཕན་འབྲས་ཆེ་བ། ཁ་གཏད་ནུས་ལྡན་བཅས་ཡོང་རྒྱུ་འགན་ལེན་བྱེད་དགོས། གཙོ་བོ་ནང་སྦྱོང་བྱེད་དགོས་ཤིང་། འཕྲལ་སྡོམ་དང་རོགས་སྐྱོབ་སྡེ་ཚན་ཁག་གིས་དངོས་འཐབ་ནང་སྦྱོང་བྱེད་རིང་གོ་རིམ་རྒྱུས་མངའ་ཡོད་པ་དང་སྔོན་བཀོད་ཇུས་གཞིའི་བཀོད་སྤྱོད་འཐུས་སྒོ་ཚང་དུ་བཏང་ནས་གནད་དོན་འཕྲད་སྐབས་གོ་རིམ་ལྡན་ལ་ནུས་ལྡན་ངང་ཁ་གཏད་འཇལ་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་བོད་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ཞིང་། བོད་ཀྱི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པ་དང་བོད་ཀྱི་བརྟན་ལྷིང་དེ་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རང་ལྗོངས་ཀྱི་བདེ་འཇགས་ལས་དོན་གྱི་ཧ་ཅང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཏཱ་ལའི་རུ་ཚོགས་ཀྱི་སིམ་འཛུལ་གཏོར་བཤིག་གི་བྱེད་སྤྱོད་ལ་དོགས་ཟོན་ནན་པོ་དང་རྡུང་རྡེག་ཚ་ནན་གཏོང་བ། རང་ལྗོངས་ཀྱི་བདེ་འཇགས་ལས་དོན་ཁག་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་བྱས་པ་རེད།

    ཚོགས་འདུའི་ཐོག་སྲིད་གཞུང་གི་སྒྲིག་སྲོལ་བཟོ་རྒྱུ་དེ་ནི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་དང་ཁྲིམས་ལྟར་སྲིད་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལོ་འཁོར་གྱི་སྲིད་གཞུང་གི་སྒྲིག་སྲོལ་རྣམ་གྲངས་བཟོ་བའི་འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོས་ཚེ་སྒྱུར་འཕེལ་བརྟན་གསུམ་ཐད་ཁྲིམས་འཛུགས་ཀྱི་འགན་ལེན་ནུས་པ་དེ་བས་ལེགས་པའི་ངང་འདོན་སྤེལ་བྱ་རྒྱུར་ཕན་པ་ཡོད་ཅིང་། གཅིག་ནས་སྒྱུར་བཅོས་ཀྱི་སྙིང་སྟོབས་མངོན་པ་བྱེད་དགོས་པ་དང་། གཉིས་ནས་ཁྲིམས་སྐྱོང་གི་བསམ་གཞིག་འཛུགས་དགོས་པ། གསུམ་ནས་ཁྲིམས་འཛུགས་ཀྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པ། བཞི་ནས་དམངས་ཆེད་ཁྲིམས་འཛུགས་མཐའ་འཁྱོངས་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་བྱས་པ་རེད།

    ཚོགས་འདུའི་ཐོག་ད་དུང《བོད་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་ཐོན་ཟོག་གི་ལས་རིགས་མཐུན་ཚོགས་འཛུགས་པ་དང་ཐོ་འགོད་བྱ་རྒྱུའི་སྐོར་གྱི་དགོངས་སྐོར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཐོག་སྤྱི་ཚོགས་རྩ་འཛུགས་ཀྱི་གསོན་ཤུགས་སྔར་བས་འཕེལ་བ་བྱེད་པ་དང་སྤྱི་ཚོགས་རྩ་འཛུགས་ཁྱད་ལྡན་ལེགས་ཆེའི་ཐོན་ལས་འཕེལ་རྒྱས་དང་སྤྱི་ཚོགས་ཞབས་ཞུ་སོགས་ལ་ཞུགས་རྒྱུར་ལྕག་སྐུལ་བྱེད་དགོས། སྐྱེད་སྲིང་འཕེལ་རྒྱས་དང་དོ་དམ་ལྟ་སྐུལ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་དོ་དམ་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་རྩ་འཛུགས་ཚད་ལྡན་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།(བཀྲ་ཤིས་ཀྱིས་བསྒྱུར། བཀྲ་ཤིས་དང་རིག་རྡོར་གྱིས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག