མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་ལན་ཁའོ་རྫོང་ཨུད་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-05-12 09:33

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་དོན་སྙིང་ཟབ་ལ་གོ་བདེ་བ་དང་། བཀའ་སློབ་ནན་པ། མི་རྣམས་རྨོངས་གཉིད་ལས་སད་པ་བཅས་ཡོད་པ་དང་བསམ་བློའི་རང་བཞིན་དང་། དམིགས་སའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། གོ་བ་ཡག་པོ། ཁོང་དུ་ཡག་པོ་ཆུད་པ་བཅས་ཀྱི་ཐོག་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་མི་སེར་ལ་བདེ་སྐྱིད་བསྐྲུན་ནས་རང་ལྗོངས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་གཏིང་ཟབ་ཕྱོགས་སུ་སྤེལ་བ་དང་ཕན་འབྲས་དངོས་ཐོན་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ལྷོ་ཁ་ས་ཁུལ་མཚོ་སྨད་རྫོང་ཨུད་ཀྱི་ཧྲུའུ་ཅི་མཱ་ཡུས་ཧུང་གིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིས་ནན་བཤད་གནང་བའི“སྤྱོད་ཚུལ་འཛུགས་སྐྱོང་ཐད་རྟག་ཏུ་དམ་འཛིན་དང་། དམ་འཛིན་གཏིང་ཟབ། རྒྱུན་མཐུད་དམ་འཛིན་བཅས་བྱེད་དགོས་པའི”བླང་བྱ་སེམས་སུ་ཟུག་པ་དང་བྱ་སྤྱོད་ཐོག་དོན་འཁྱོལ་ཡོང་བ་བྱེད་རྒྱུ་ཡིན།མཚོ་སྨད་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མིག་སྔར་མཚོ་སྨད་རྫོང་གིས་ལས་བྱེད་ལས་བཟོའི་དགོངས་ཞུ་དང་དགོངས་དུས་ཐིམ་པ་དང་། འཁོར་རིགས་བེད་སྤྱོད་དོ་དམ། ལས་ཁུངས་དང་བྱ་གཞག་ཚན་པའི་སྒྲིག་ཁྲིམས་དང་སྤྱོད་ཚུལ་གྱི་འགན་འཁྲི་བདའ་འདེད་སོགས་ཐད་ཀྱི་ལམ་ལུགས་བཟོས་པ་དང་སྦྲགས་ལམ་ལུགས་ལག་ལེན་བསྟར་བ་དང་དེར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྫོང་དེ་ཡོངས་ཀྱི་ལས་བྱེད་ལས་བཟོའི་ཁྲོད“སྤྱོད་ཚུལ་བཞིའི”གནད་དོན་མི་ཐོན་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    གཞིས་རྩེ་ས་ཁུལ་གྲོ་མོ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྲུའུ་ཁྲེང་ཁུན་གྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལན་ཁའོ་རྫོང་ཨུད་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པའི་གསར་འགྱུར་འཕྲིན་སྤེལ་བལྟས་རྗེས་སློབ་གསོ་ཆེན་པོ་ཐེབས་པ་དང་བློ་སྒོ་ཕྱེ་སོང་ལ། སེམས་ལ་ཉམས་སད་ཆེན་པོ་ཐེག་པ་དང་བསམ་བློའི་གོ་རྟོགས་མཐོ་རུ་ཕྱིན་སོང”ཞེས་བརྗོད་པ་དང་། ཁོང་གིས་ངེས་པར་དུ་རྟག་ཏུ་སྤྱོད་ཚུལ་འཛུགས་སྐྱོང་དམ་འཛིན་བྱེད་པ་དང་། དམ་འཛིན་ཞིབ་ཚགས་བྱེད་པ། ཡུན་རིང་དམ་འཛིན་བྱེད་པ་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱར་གཞིགས་ནས་རང་ཉིད་ཏང་ཡོན་དཀྱུས་མ་ཞིག་ཡིན་པའི་ངོས་ནས་ལྷུ་ཚིགས་དང་ཕྱོགས་གང་ས་ཅི་ཐད་དུ་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་དམ་འཛིན་བྱ་རྒྱུ་ཡིན། ཞིབ་ཕྲའི་ལས་དོན་ཁྲོད་ཧེ་བག་དང་མི་འདང་བའི་ཆ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་།“སྤྱོད་ཚུལ་བཞིའི”གནད་དོན་ལ་མཐོང་ཆེན་གྱིས་གནད་དོན་བཙལ་བཤེར་བྱེད་པ་དང་། རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་པ། གནད་དོན་བཙལ་བཤེར་བྱེད་པ་བརྒྱུད་ཡུལ་དེ་གའི་འཕེལ་རྒྱས་དང་བརྟན་ལྷིང་ལ་འགོག་རྐྱེན་བཟོ་བའི་གཞི་རྩའི་གནད་དོན་དངོས་འབྲེལ་འཚོལ་ཞིབ་ཀྱིས་གནད་དོན་ཐག་གཅོད་བྱེད་པའི་གོ་ཆོད་བྱ་ཐབས་བཟོས་ནས་གྲོ་མོ་རྫོང་གི་སློབ་གསོ་ལག་ལེན་བྱེད་སྒོར་ཕན་འབྲས་དངོས་ཐོན་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་ཚ་བ་རོང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་ཝུའུ་མིང་ཅུན་གྱིས“སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ནང་ང་ཚོ་གཞི་རིམ་ལས་བྱེད་པ་ཚོས་ལས་གནས་ལ་གཅེས་འཛིན་བྱེད་པ་དང་། དབང་ཆ་དྲང་གཞག་སྤྱོད་པ། ལུས་སེམས་རྣལ་དུ་ཕབ་པ། ལས་བརྩོན་བཅས་བྱས་ནས་མང་ཚོགས་ལ་བདེ་སྐྱིད་མང་ཙམ་བསྐྲུན་དགོས་པའི་བླང་བྱ་བཏོན་གནང་ཡོད། ང་ཚོ་རྫ་ཡུལ་རྫོང་ཚ་བ་རོང་ཤང་ཐག་རིང་ལུང་ཁུག་ཏུ་གནས་པ་དང་འགྲིམ་འགྲུལ་སྟབས་བདེ་མེད་པས་ཞིང་འབྲོག་པ་ཚོའི་ཐོན་སྐྱེད་དང་འཚོ་བ་བལྟོས་བཅས་ཀྱིས་རྗེས་ལུས་དང་དབུལ་ཕོངས་ཡིན་པས་ང་ཚོ་གཞི་རིམ་གྱི་ལས་བྱེད་པས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དཀའ་བར་མི་འཛེམས་པར་མདུན་དུ་སྐྱོད་ནས་སྔ་བར་ཕྱི་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་། གཞི་རིམ་དུ་གཞི་ཚུགས་པ། གཞི་རིམ་དུ་ལེགས་སྐྱེས་འབུལ་བ། སྒེར་དོར་སྤྱི་སྐྱོང་བྱེད་པ། རང་གཅུན་ནན་པོ་བྱེད་པ། མང་ཚོགས་ཚོའི་རེ་བ་དང་བསམ་འཆར་ཤེས་རྟོགས་གཏིང་ཟབ་བྱེད་པ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་ཏན་ཏིག་བྱེད་པ། འབྱོར་འབྲིང་འཚོ་བ་གཏོད་པ་བཅས་བྱས་ནས་མི་སེར་ལ་བྱ་བ་དངོས་དང་བྱ་བཟང་ཏན་ཏིག་བསྒྲུབ་རྒྱུ་ཡིན”ཞེས་བཤད་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འོ་བརྒྱལ་ཐང་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཧྲུའུ་ཅི་དང་པོ་ཧན་ཅིང་གིས“སྡེ་ཁུལ་དུ་ལས་ཀ་བྱེད་མཁན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ནན་པོ་བློ་ལ་བརྟན་པོར་ངེས་ནས་སྡེ་ཁུལ་མང་ཚོགས་ལ་སློབ་སྦྱོང་བྱེད་པ་དང་སྔ་བར་ཕྱི་གསུམ་དུ་མང་ཚོགས་ཀྱི་ལངས་ཕྱོགས་ཐོག་ནས་གནད་དོན་ལ་བསམ་གཞིག་དང་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན” ཁོང་གིས“ནན་པོ་གསུམ་དང་ཏན་ཏིག་གསུམ”ལ་གཞིགས་ནས་རང་ངོས་ཀྱི་གཏམ་སྤྱོད་ཚུལ་མཐུན་ཡོང་བ་བྱེད་པ་དང་། ཞིབ་ཕྲའི་ལས་དོན་ཁྲོད་སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་བ། རྒྱུན་ཆད་མེད་པར་མང་ཚོགས་ལ་ཞབས་འདེགས་ཞུ་ནུས་དང་ཆུ་ཚད་མཐོ་རུ་གཏོང་བ། ང་ཚོའི་ཕན་འབྲས་ལྡན་པའི་ལས་དོན་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་པ་བྱེད་པ། མང་ཚོགས་དང་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    (པ་ཚེས་བསྒྱུར། པ་ཚེ་དང་ཚེ་སྒྲོལ་གྱིས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག