མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྐབས་བཅུ་གཅིག་པའི་བོད་ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྤྱི་ཟླ8པའི་ཚེས29ཉིན་སྤེལ་རྒྱུ་རེད།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-05-11 10:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྐབས་བཅུ་གཅིག་པའི་ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྤྱི་ཟླ8པའི་ཚེས29ཉིན་ནས་སྤྱི་ཟླ9པའི་ཚེས5ཉིན་བར་ལྷོ་ཁ་ས་ཁུལ་རྩེད་ཐང་གྲོང་རྡལ་དུ་འཚོག་རྒྱུ་ཡིན་པ་དང་། རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་འགྲན་ཚོགས་གཉེར་ས་ལྷོ་ཁ་ས་ཁུལ་གྱིས་ད་ལྟ་གྲ་སྒྲིག་ལས་དོན་ཁག་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད།

རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་པའི་རྨང་གཞིའི་ཐོག་སྐབས་བཅུ་གཅིག་པའི་ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་འགྲན་བསྡུར་རྣམ་གྲངས་ནང་མཆོང་རྒྱུགས་འཕེན་གསུམ་དང་སྐྱེས་པ་དང་བུད་མེད་ཀྱི་ལག་རྩེད་སྤོ་ལོ། སྐྱེས་པའི་རྐང་རྩེད་སྤོ་ལོ། སྐྱེས་པ་དང་བུད་མེད་ཀྱི་ཕིང་ཕང་སྤོ་ལོ། སྦེར་ག ཀྲུང་གོའི་ཤང་ཇི་མིག་མངས། ཏག་སེ། ཀི་རམ། མིག་མངས། ཤོ་སོགས་རྣམ་གྲངས་བཅུ་དང་མདའ་འཕེན་གཟིགས་འབུལ་རྣམ་གྲངས་གཅིག་བཅས་གཏན་འཁེལ་བྱས་ཡོད་པ་རེད།

 གྲོན་ཆུང་ངང་འགྲན་ཚོགས་གཉེར་བའི་དགོངས་དོན་ལག་བསྟར་བྱ་ཆེད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གོ་རིམ་ཐུང་དུ་གཏོང་བ་དང་གཞི་ཁྱོན་ཚོད་འཛིན་བྱས་ཏེ། འགྲན་ཚོགས་ཀྱི་ཚོགས་ཡུན་དེ་སྔའི་ཉིན་བཅུ་ནས་ད་ལོའི་ཉིན་བརྒྱད་བར་ཐུང་དུ་གཏོང་རྒྱུ་མ་ཟད། འགོ་བཙུགས་མཛད་སྒོར་ཞུགས་མཁན་ལུས་རྩལ་པ་དང་རྩལ་སློབ་པ། ཤན་འབྱེད་པ། ལས་དོན་པ་བཅས་མི་གྲངས500ཡི་ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་རེད། སྐབས་བཅུ་གཅིག་པའི་ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་ཡག་པོ་གཉེར་རྒྱུར་གཞོགས་འདེགས་ཧུར་ཐག་བྱ་ཆེད། ལྷོ་ཁ་ས་ཁུལ་གྱིས་ས་ཁུལ་མཐོ་རིམ་སློབ་འབྲིང་དང་པོའི་སྦེར་གའི་འགྲན་རྭ་དང་མཐོ་རིམ་སློབ་འབྲིང་གཉིས་པའི་ལག་རྩེད་སྤོ་ལོ་ཐང་། ལས་རིགས་ལག་རྩལ་སློབ་གྲྭའི་ལག་རྩེད་སྤོ་ལོ་ཐང་། སྣེ་གདོང་སློབ་འབྲིང་གི་རྐང་རྩེད་སྤོ་ལོ་ཐང་། རྩེད་ཐང་གྲོང་རྡལ་ཆ་ཚང་སློབ་ཆུང་གི་ཕིང་ཕང་སྤོ་ལོ་ཐང་། ས་ཁུལ་ལུས་རྩལ་ཁང་གི་འགྲན་རྭ་གཙོ་བོ་བཅས་འགྲན་བསྡུར་བྱེད་ས6གཅིག་འགྱུར་འཆར་འགོད་དང་བཀོད་སྒྲིག་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག