མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུ་མཚོ་གཉིས་རྫོང་དུ་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ཞིབ་འཇུག་ས་ཚིགས་འཛུགས་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-05-10 11:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སྤྱི་ཚེས8ཉིན། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སོའོ་ནས་ཤེས་རྟོགས་བྱུང་བར། ཀྲུང་གོས་འཛམ་གླིང་ཐོག་ས་འབབ་མཐོ་ཤོས་ཀྱི་མཚོ་གཉིས་རྫོང་དུ་ཆེས་ཞན་པའི་ཁོར་ཡུག་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་བྱེད་པའི་ཞིབ་འཇུག་ས་ཚིགས་ཞིག་འཛུགས་རྒྱུ་ཡིན་པ་དང་། ས་ཚིགས་དེར་བརྟེན་ནས་གནམ་གཤིས་དང་འཁྱགས་རོམ་དེ་བཞིན་སྐྱེས་ཁམས་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་ཕྱོགས་མང་བའི་ཕྱོགས་བསྡུས་ཀྱི་ལྟ་ཞིབ་ཚད་ལེན་ཞིབ་འཇུག་སྤེལ་ཏེ། ཧུར་བརྩོན་ངང་ས་གནས་དེ་གའི་འབྲོག་ལས་འཕེལ་རྒྱས་ལ་ཞབས་ཞུ་བྱེད་རྒྱུ་ཡིན་པ་རེད།

མཚོ་གཉིས་རྫོང་དེ་བོད་བྱང་ཐང་གི་ས་མཐོའི་ཁུལ་དུ་གནས་ཡོད་པ་དང་ཁྱོན་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི5000ཡོད་ལ། མིག་སྔར། འཛམ་གླིང་ཐོག་ས་འབབ་མཐོ་ཤོས་ཀྱི་རྫོང་ཡིན་པ་རེད། ཀྲུང་གོ་ཚན་རིག་ཁང་མཚོ་གཉིས་ས་ཚིགས་དེ་མཚོ་གཉིས་རྫོང་སྲིད་གཞུང་གནས་ས་ནས་བྱང་གི་སྤྱི་ལི205མཚམས་སུ་འཛུགས་ཡོད་པ་དང་། དེའི་ནང་རྩ་ཐང་གི་སྐྱེས་ཁམས་ཚོད་ལྟ་ཁུལ་དང་རང་བྱུང་གི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཁུལ་དེ་བཞིན་འཚོ་སྡོད་བྱེད་ཁུལ་བཅས་ཚུད་ཡོད་པ་རེད།

ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ་དབྱི་ཁྲའོ་ལུའུ་ཡིས་ངོ་སྤྲོད་གནང་བར། དེ་སྔ་སྐྲུན་པའི་ལྟ་ཞིབ་ཚད་ལེན་ས་ཚིགས་རྣམས་མཚོ་བོད་ས་མཐོའི་མཐའ་འཚམས་ཀྱི་རི་ཁུལ་དུ་གནས་ཡོད་པ་དང་། མཚོ་བོད་ས་མཐོའི་ལྟེ་བའི་སྤྱི་ལི་གྲུ་བཞི་མ་ཁྲི80ཡི་ས་ཁུལ་དུ་ལྟ་ཞིབ་ཚད་ལེན་ས་ཚིགས་མེད་ལ། ཐ་ན་སྤྱིར་བཏང་གི་གནམ་གཤིས་ལྟ་ཞིབ་ཚད་ལེན་བྱེད་པའི་གྲངས་གཞི་ཡང་མེད་པ་རེད། མཚོ་གཉིས་ས་ཚིགས་སྐྲུན་པ་དེས་ས་ཚིགས་དྲ་བའི་བར་སྟོང་བཀོད་སྒྲིག་སྔར་ལས་འོས་འཚམས་བྱེད་ཐུབ་པ་དང་། ནུས་ལྡན་ངང་བར་སྣང་ཐོག་ནས་མི་མེད་ལུང་སྟོང་དུ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་ལ། ཁྱོན་ཡོངས་ནས་མཚོ་བོད་ས་མཐོའི་ཁོར་ཡུག་རྒྱུས་ལོན་ཡོང་རྒྱུར་ཕན་ཐོགས་ཡོད་པ་དང་། སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱེད་ཐུབ་ཅེས་ངོ་སྤྲོད་གནང་ཡོད་པ་རེད།

མིག་སྔར། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སོའོ་ཡིས་གནམ་མཚོ་དང་ཇོ་མོ་གླང་མའི་བྱང་རྒྱུད། ཉིང་ཁྲི་ཀླུ་སྣང་། མངའ་རིས་རུ་ཐོག་རྫོང་སོགས་ཀྱི་ས་ཆར་སྔ་རྗེས་སུ་ཡུན་རིང་གི་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་འཛུགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག